ཉེ་ཆར། རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་མཐར་ཕྱིན་དང་། ཞིང་ལས་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་ཆེད། ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་མགྱོགས་མྱུར་ངང་ཆེད་མཁས་པའི་ཚོ་ཆུང་བསྡུས་ཏེ། རྟའུ་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས། རྟའུ་ཞུས་སེན་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་དུ་མགར་ཐར་གྲོང་རྡལ་དུ་ཚན་རྩལ་གྲོང་སྡེར་བསྐྱལ་བའི་ཁྱད་པར་ཅན་གྱི་བྱེད་སྒོ་ཞིག་སྤེལ། ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། དངོས་རྫས་འགྲེམ་གཏོང་བཅས་ལ་བརྟེན་ནས་ཞིང་དུད་ལ་སྔོ་ཚལ་ཐོན་ལས་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏིང་ཡོད།
བྱེད་སྒོའི་ཡུལ་དངོས་སུ་དཔལ་སྨད་གྲོང་རྡལ་དང་འགར་ཐར་གྲོང་རྡལ་གྱི་སྔོ་ཚལ་འདེབས་འཛུགས་ལ་དུས་ཡུན་རིང་པོར་རིགས་རྐྱང་པ་དང་ལག་རྩལ་ཁེར་རྐྱང་། ས་གཤིན་མི་འདང་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཆེད་མཁས་པས་ཞིང་དུད་དང་ངོ་ཐུག་སྤེལ་རེས་བྱས་ནས་སྔོ་ཚལ་འདེབས་ལུགས་ཐད་ལན་འདེབས་པར་མ་ཟད། ལག་རྩལ་དཔྱད་གཞི་བྲིས་ནས་དབུལ་ཐར་དུད་ཚང500ལ་གནད་དུ་འཁེལ་བའི་གླང་རྔ་འདེབས་འཛུགས་ལག་རྩལ་དང་། ནས་དང་པད་ཚལ་ནུས་ཆེའི་འདེབས་འཛུགས་ལག་རྩལ་སོགས་དངོས་སྤྱོད་དཔྱད་གཞི500བྱིན་པ་དང་། སྐྱེ་ལྡན་ལུད་ཏུན13དང་སྔོ་ཚལ་ས་བོན་ཁུག་མ500རིན་མེད་ངང་སྤྲད། དངོས་ཟོག་དང་ལག་རྩལ་ཟུང་འབྲེལ་གྱིས་ཐབས་ལ་བརྟེན་ནས་ཞིང་དུད་ཀྱི་ཐོན་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱས་ཡོད།
མགར་ཐར་གྲོང་རྡལ་གྱི་ཡུལ་མི་བསོད་ནམས་ཉི་མས་དཔྱད་གཞི་ཡིག་ཆར་ལྟ་བཞིན་ཡིད་ཚིམ་པའི་ངང་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཀྱི་ནང་དོན་ཞིབ་ཕྲ་དང་། ཡིག་རིས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། རྟའུ་སྔོ་ཚལ་འདེབས་འཛུགས་ལས་གཞིའི་རྒྱབ་ལྗོངས་དང་དོན་སྙིང་། ལག་རྩལ་གྱི་གནད་དོན། དེ་བཞིན་ཁྲོམ་རའི་མདུན་ལམ་བཅས་ངོ་སྤྲོད་བྱས་ནས་ང་ཚོར་ཚན་རིག་དང་མཐུན་པའི་སྒོས་སྔོ་ཚལ་འདེབས་ལུགས་གསལ་སྟོན་བྱས་ནས་དགོས་མེད་ཀྱི་ཉེན་ཁ་ཉུང་དུ་བཏང་ཡོད་ཅེས་བཤད།
ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་འགན་འཁུར་བས་རྟའུ་ཡི་སྔོ་ཚལ་འདེབས་འཛུགས་ལས་གཞིར་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཀྱིས་རྒྱབ་སྐྱོར་ཐོབ་པ་དེས་ཞིང་ཆེན་རང་གི་སྔོ་ཚལ་ཐོན་ལས་རིགས་བསྒྱུར་རིམ་འཕར་དང་ཞིང་པའི་འབབ་འཕར་ལ་སྐུལ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད། ད་ཐེངས་ཀྱི་ཚན་རྩལ་གྲོང་སྡེར་བསྐྱལ་བའི་བྱེད་སྒོ་དེ་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་འཐབ་ཇུས་ལག་ལེན་དོན་དུ་འཁྱོལ་བའི་བྱ་སྤྱོད་ཏན་ཏིན་ཡིན་ལ། ཞིང་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཞིང་དུད་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།མ་འོངས་པར་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་ཞིང་ལས་ཚན་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། གཞི་རིམ་ཞིང་དུད་བར་འབྲེལ་བ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་འབུལ་རྒྱུ་ཡིན།
ད་ཐེངས་ཀྱི་ཚན་རྩལ་གྲོང་སྡེར་བསྐྱལ་བའི་བྱེད་སྒོ་འདིས་དཔལ་སྨད་ཡུལ་ཁུལ་དུ་ཁ་ཚ་དགོས་གཏུགས་ཀྱི་ཞིང་སྤྱོད་དངོས་ཟོག་བསྐྱལ་བར་མ་ཟད། སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་ཞིང་ནང་དུ་སྤྱོད་ཐུབ་པ་དང་། སྔོ་ཚལ་གྱི་རིགས་གསར་པ་ཁྱབ་སྤེལ་མགྱོགས་སུ་བཏང་སྟེ་དབུལ་ཐར་དུད་ཚང་གི་ཚན་རིག་དང་མཐུན་པའི་འདེབས་འཛུགས་རྩལ་ནུས་ཆེ་རུ་བཏང་སྟེ་ས་གནས་དེ་གའི་སྔོ་ཚལ་ཐོན་ལས་རིམ་འཕར་དང་ཞིང་དུད་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཚན་རྩལ་གྱི་འོད་ཟེར་གྱིས་རྟའུ་རྫོང་གི་ཡུལ་སྡེ་དར་རྒྱས་ཡོང་བར་མཛེས་སྡུག་གི་ལམ་ཆེན་གསལ་སྟོན་བྱེད་བཞིན་ཡོད།།
(སྐལ་བཟང་རྒྱ་མཚོས་བསྒྱུར།)