སྲ་འཐས་བཟོད་ལྡན་ས་ཡང་འགུལ་བྱས་ནས།།
རིན་བྲལ་སྲོག་གི་མར་མེ་ཟིམ་པའི་དུས།།
སེམས་པ་སྐྱོ་སྐྱོ་མ་གནང་དིང་རི་བ།།
མི་རྟག་འཁོར་བའི་ཆོས་ལ་སྙིང་པོ་ཅི།།
གསོན་པོའི་སེམས་གསོ་ཕྱོགས་བཞིའི་མི་ཡིས་བྱ།།
ཤི་བོ་ས་ལམ་ཡངས་བའི་སྨོན་ལམ་འདེབས།།
སྐྱོ་བའི་མིག་མཆི་མ་བཞུར་དིང་རི་བ།།
ང་ཚོ་ཚང་མའི་སྐྱིད་སྡུག་མཉམ་འཁུར་བྱེད།།
ཁྱིམ་དང་གྲོང་པའི་ཕ་མ་སྤུན་ཟླ་སོགས།།
ཤི་གསོན་གྱེས་ཕྱག་གནང་བ་ལས་ཀྱིས་རྐྱེན།།
སྡུག་པའི་སྨྲེ་ངག་མ་འདོན་དིང་རི་བ།།
ང་ཚོ་མཉམ་དུ་གནས་ཡོད་གསོན་པོའི་མི།།
༼ རྡོ་རྗེ་ཐར་ལམ། ༽