国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གདུང་སེམས་སྙིང་གི་འཕར་ལྡིང་།

གདུང་སེམས་སྙིང་གི་འཕར་ལྡིང་།

རིགས་ཀྱི་མུ་ཏིག་ཕྲེང་བ་རྡོག་པོ་གཅིག།

ལྷོ་ཕྱོགས་དིང་རིའི་བརྩེ་བའི་རིགས་མཐུན་ཚོགས།།

འབྱུང་བཞིའི་གདུག་རྩུབ་བཙན་པོའི་རྔམ་ཟིལ་ཕོག།

ཀྱེ་ཧུད་སྙིང་རྗེའི་དབང་ཕྱུག་དམ་པས་མཁྱེན།།

རང་བྱུང་ལས་ཀྱི་འགྱུར་བ་མཐའ་ཡས་པ།།

སུས་ཀྱང་མི་ཁོག་ལྡོག་ཏུ་མི་ནུས་མོད།།

ཤ་རུས་ཁྲག་གི་འབྲེལ་བའི་སྤུན་ཟླའི་ཚོགས།།

ནུས་མེད་བརྩེ་བའི་ཀློང་ན་རྟག་ཏུ་བཀྲ།།

གཞིས་ཁྱིམ་གྲངས་མེད་ས་རྡོའི་གསེབ་ལ་འཐོར།།

རྣམ་ཤེས་གྲངས་མེད་གཤིན་ཡུལ་གྲོང་ལ་འཁྱར།།

ནང་མི་ཁ་བྲལ་རིགས་མཐུན་གདུང་བས་ལྷགས།།

གོད་ཆགས་ཡ་ང་མཐོང་ཚེ་སྙིང་རྩ་འདར།།

ལས་འབྲས་ཐོད་པའི་མིག་འབྲས་ལྟར་སྲུང་ཞིང་།།

བྱམས་བརྩེ་ཁོག་གི་སྙིང་ཆུང་ལྟར་གཅེས་པའི།།

འཚེ་མེད་ཞིང་ཁམས་སྲིད་འབྱོར་གྱིས་སྟོང་སར།།

རང་བྱུང་རྒྱལ་མོས་གོད་ཆགས་གནང་དོན་ཅི།།

འོན་ཀྱང་དོན་དམ་སྐྱིད་སྡུག་ངེས་བཟུང་བྲལ།།

སྤྱི་སྒེར་སུ་ཡང་སྐྱེ་འཆིའི་འཕྲང་རིང་ལ།།

མ་བགྲོད་ཐབས་མེད་ལས་འདི་སྔ་གཞུག་ཙམ།།

སྤྱི་མཐུན་ལས་ཀྱི་བཀོད་སྒྲིག་སུ་ཡིས་ལྡོག།

སྐྱེས་པའི་ལན་དུ་འཆི་བའི་གོ་རིམ་དང་།།

སྐྱིད་སྡུག་གང་བྱུང་རྒྱུ་ཚོགས་ལས་འབྱུང་བའི།།

ཚུལ་འདི་རང་རེའི་ལུགས་གཉིས་སྙིང་པོ་ཡིན།།

སྐྱིད་སྡུག་གདོང་ལེན་གྱིས་ཤིག་དིང་རི་བ།།

བྱམས་བརྩེའི་མེ་ཏོག་འཛུམ་པའི་གངས་ལྗོངས་འདིར།།

ལྷན་གཅིག་ཤ་ཁྲག་འབྲེལ་བའི་ལས་སྨོན་གྱིས།།

སྐྱེ་འཆིའི་གོད་ཆགས་མཐོང་ཚེ་སེམས་རྩ་འཁྱག།

རིགས་གཅིག་སེམས་ལ་ལྷུང་འགྲོ་དིང་རི་བ།།

དེ་རུ་འགྲོ་སྙམ་རྒྱང་ཐག་ཡུལ་གྱིས་བསྐལ།།

ནོར་དང་རྒྱུ་རྫས་གཏོང་སྙམ་དཔལ་གྱིས་ཕོངས།།

དམར་ཆུང་སེམས་པའི་བརྩེ་བའི་འཕར་ལྡིང་ལས།།

ཅི་ཡང་མི་ནུས་རིགས་མཐུན་དིང་རི་བ།།

གདུག་རྩུབ་དྲག་པོས་གཤིན་ཡུལ་འགྲིམ་པ་དང་།།

དཀའ་སྡུག་ཀློང་ནས་ཤུལ་ལྷག་སྤུན་ཟླའི་ཚོགས།།

འདི་ཕྱི་ཀུན་ཏུ་སྐྱབས་འཇུག་བསྔོ་སྨོན་བྱས།།

ཇི་བཞིན་འགྲུབ་པར་སྐྱབས་གསུམ་ལྷ་ཡིས་སྲུངས།།

དགུན་ལ་གྲང་བའི་ཟུག་རྔུས་ཤ་རུས་གཟིར།།

རིགས་མཐུན་སྐྱོ་སྡུག་ཐེབས་པས་ཡིད་སེམས་གདུང་།།

སྙིགས་དུས་སྟོན་མཆོག་འཕགས་མཆོག་སྤྱན་གཟིགས་ཀྱིས།།

འདི་ཕྱི་ཀུན་ལ་ཐུགས་བརྩེ་མ་ལྷོད་ཅིག།

༼ སྣང་བ་རང་གྲོལ། ༽