གློ་བུར་བྱུང་བའི་འཇིགས་པའི་གྱད་ཆེན་གྱིས། །
ལ་སྟོད་དིང་རིའི་ཕྱོགས་ནས་ཚེ་སྲོག་འཕྲོག །
འཆི་གསོན་སོ་མཚམས་འདྲེས་མའི་ཐང་དཀྱིལ་ནས། །
གདུང་སེམས་དྲག་ཏུ་སྐྱེས་བྱུང་དིང་རི་བ། །
གང་ཡང་ལས་ཀྱི་དབང་གིས་ཆེར་བྱུང་ཡང་། །
རིན་ཆེན་ཚེ་ཡི་འདུ་བྱེད་སྟོངས་པ་ན། །
བདག་འདྲ་སེམས་པ་གདོན་གྱིས་འཁྱེར་བ་ཡང་། །
སྡུག་བསྔལ་བཟོད་ཐབས་མི་འདུག་དིང་རི་བ། །
ཆུ་བོ་ཐུར་དུ་བབས་པའི་དཔེ་བཞིན་དུ། །
འདས་པའི་ལས་ལ་བཟློག་ཐབས་མེད་པ་ན། །
ཉི་མ་དེ་རིང་ནས་བརྩམས་ལུས་ངག་ཡིད། །
དོན་ཡོད་ཆོས་ལ་འབུངས་དང་དིང་རི་བ། །
བཀོད་ལེགས་ཁང་ཆུང་ཐལ་རྡུལ་ཀློང་ན་འགྱེལ། །
འདུས་པའི་གཉེན་གྲོགས་མི་འདོད་སོ་སོར་བྲལ། །
བསགས་པའི་ནོར་རྫས་གར་ཡོད་ཆ་མི་འཚལ། །
མི་རྟག་ཡང་ཡང་སྒོམས་ཤིག་དིང་རི་བ། །
རྐྱེན་ངན་རང་ཐོག་བབས་དུས་ལོག་རྟོག་གིས། །
དཀོན་མཆོག་གསུམ་ལ་མཐུ་དང་ནུས་པ་ནི། །
མི་འདུག་སྙམ་པའི་རྣམ་རྟོག་བྱུང་བའི་ཚེ། །
ལྟུང་བ་མྱུར་དུ་ཤོགས་དང་དིང་རི་བ། །
འདི་ལ་ཉེ་བར་གཟིགས་པའི་རྒྱལ་སྲས་ཀྱང་། །
སེམས་ཅན་ལས་ཀྱིས་དེད་པའི་གནོད་འཚེ་ལ། །
སྐྱོ་བའི་སྤྱན་ཆབ་བསིལ་ནས་བཞུགས་རྒྱུ་ལས། །
དངོས་སུ་སྐྱོབ་ཐབས་མེད་དོ་དིང་རི་བ། །
དེ་ཕྱིར་རྒྱུན་དུ་རྒྱལ་དང་རྒྱལ་སྲས་ཀྱིས། །
ལེགས་པར་སྟོན་པའི་བྱང་ཆུབ་ལམ་རིམ་ལ། །
གཟིགས་རྟོག་ཡང་ཡང་མཛད་ནས་སྒོམས་ཤིག་དང་། །
རང་ཉིད་རང་མགོན་འགྱུར་རོ་དིང་རི་བ། །
ཕྱོགས་དང་ཕྱོགས་ནས་སྲོག་སྐྱོབ་མང་བྱུང་བ། །
སངས་རྒྱས་སྲས་དང་བཅས་པའི་ཐུགས་རྗེ་རུ། །
ལེགས་པར་སོམས་ནས་གློ་སྙིང་བྲང་གསུམ་གྱིས། །
བློ་ཕུགས་ཆོས་ལ་གཏོད་དང་དིང་རི་བ། །
གནོད་ཆེན་དགྲ་བོ་ཉེ་བར་ལྷགས་པའི་ཚེ། །
དེ་ལས་སྐབས་ཤིག་སྐྱབས་པའང་དྲིན་ཆེན་དུ། །
བརླམས་ན་ཚེ་རབས་ཀུན་གྱི་འཇིགས་པ་ལས། །
སྐྱོབ་པར་གསོལ་བ་ཅིས་འདེབས་དིང་རི་བ། །
འཇིགས་པ་ཆེན་པོ་འདི་ཙམ་བཟོད་དཀའ་ཞེས། །
འོ་དོད་ཁོངས་ནས་འབོད་པའི་གནས་སྐབས་སུ། །
འདི་ལས་འཇིགས་པ་ལྡབ་ཀྱིས་ཆེར་གྱུར་པའི། །
ངན་སོང་སྡུག་བསྔལ་དྲན་དགོས་དིང་རི་བ། །
ཁ་ཉིན་བདེ་མ་ཐང་མ་ཡིན་བཞིན་དུ། །
ད་ལྟ་འགུལ་མེད་བེམ་རོར་གྱུར་མཐོང་ནས། །
སྡུག་བསྔལ་མཆི་མ་འབྱིད་ཀྱིན་ཡང་ནས་ཡང་། །
ནམ་འཆི་ཆ་མེད་སོམས་དང་དིང་རི་བ། །
གཅེས་པའི་བུ་ཕྲུག་དྲིན་ཆེན་ཕ་མ་དང་། །
བསྐྱངས་པའི་ས་ཞིང་སྒོ་ཕྱུགས་ར་ལུག་སོགས། །
ལྷག་ལུས་མེད་པར་དལ་གྱིས་འཇིག་པའི་ཚེ། །
སྡུག་སྙིང་འཛིན་པར་སྣུན་དང་དིང་རི་བ། །
འདི་ལས་ཕྱི་མ་ཤུལ་ཐག་ཆེས་རིང་བས། །
གནས་སྐབས་རྐྱེན་ངན་དེ་ཡང་ཆོས་སྐུལ་གྱི། །
གྲོགས་སུ་བསམས་ནས་ཉིན་མཚན་དབྱེ་བ་མེད། །
དཀོན་མཆོག་སྙིང་བཅངས་མཛོད་ཅིག་དིང་རི་བ། །
མི་དགེའི་རྒྱུ་ལས་ངན་པའི་འབྲས་བྱུང་བ། །
དངོས་སུ་མཐོང་ཐོས་མྱོང་བའི་ཉམས་མྱོང་གིས། །
བདེ་བའི་འབྲས་བུ་དགོས་ན་དགེ་བའི་ལས། །
ཡང་ཡང་བསྒྲུབ་པར་རག་ལས་དིང་རི་བ། །
དགེ་བའི་ལས་ཀྱི་སྒོ་མོ་གང་བྱུང་གིས། །
ཕྱེ་བར་མི་ཐུབ་པས་ནི་དམ་ཆོས་ཀྱི། །
འཕྲུལ་གྱི་ལྡེ་མིག་ཁོ་ནར་བསྟེན་བྱས་ཏེ། །
ཆོས་ལ་ངེས་ཤེས་སྐྱེད་ཅིག་དིང་རི་བ། །
རང་རྒྱུད་གཏོགས་པའི་སྡུག་བསྔལ་དྲག་པོ་ཡིས། །
གང་ཞིག་གཞན་གྱི་སྡུག་བསྔལ་མཐའ་དག་ཀུན། །
དེ་ཡིས་འཁྱེར་བ་ཤོག་ཅེས་བྱང་ཆུབ་ཀྱི། །
བསྔོ་བ་གཏིང་ནས་ཐོབས་དང་དིང་རི་བ། །
ད་ནི་ངུ་ཤུམ་སྒྲ་ཡིས་འཇིག་རྟེན་གང་། །
ཕྱོགས་བཞིའི་རླུང་དམར་མྱ་ངན་གྲོགས་སུ་སྦྲན། །
གངས་དང་ཐལ་རྡུལ་འབེལ་བའི་ཁོར་ཡུག་ཁྲོད། །
ལག་ལེན་ཨེ་ཡོང་ལྟོས་དང་དིང་རི་བ། །
དེ་སྐད་བླ་མ་བཟང་པོའི་སྐུ་དྲིན་གྱིས། །
སྣང་བ་ཆོས་ལ་ཤར་བའི་དཔེ་རུ་གོ །
ཁྱེད་ཀྱང་བླ་མ་བཟང་པོའི་གསུང་གསན་ནས། །
རྐྱེན་ངན་གྲོགས་ཤར་མཛོད་ཅིག་དིང་རི་བ། །
༼ རིག་འཛིན། ༽
