国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱོ་སྐྱོ་མ་གནང་། དིང་རིའི་མི་དམངས།

དགོང་མོ་དེར།

བྱམས་བརྩེ་ལྡན་པའི་ཕ་མ་མང་པོས་དགའ་བའི་དགོད་

སྒྲ་ལྷང་ངེར་སང་ཉིན་གྱི་འཚོ་བ་གླེང་ངེས།

ཞོགས་པ་དེར།

ས་ཆེན་པོའི་གཡོ་འགུལ་ཞིག་གིས་བྱམས་བརྩེ་ཡི་

དགོད་སྒྲ་དེ་སྡུག་བསྔལ་གྱི་ངུ་སྒྲ་རུ་འགྱུར་འགྲོ་བ་

ག་ལ་རྟོགས་སྲིད་ཨང་།

དགོང་མོ་དེར།

བརྩེ་འདང་ཟབ་པའི་མཛའ་གཅུགས་མང་པོས་དུང་

བའི་འཛུམ་མདངས་འཁྱིལ་ལེར་མ་འོངས་

ཀྱི་འཆར་གཞི་བརྗོད་ངེས།

ཞོགས་པ་དེར།

གེགས་ཆེན་པོའི་བར་ཆད་ཅིག་གིས་བརྩེ་འདང་གི་འཛུམ་

མདངས་དེ་ན་ཟུག་གི་དྲན་གདུང་དུ་འགྱུར་

འགྲོ་བ་ག་ལ་ཚོར་སྲིད་ཨང་།

དགོང་མོ་དེར།

ལྷིང་འཇགས་ཡིན་པའི་ཁྱིམ་ཚང་མང་པོས་སྐྱིད་

པའི་སྔུར་སྒྲ་གསལ་ལེར་རྨི་ལམ་གྱི་ཞིང་ལ་མྱུལ་ངེས།

ཞོགས་པ་དེར།

བཟོད་དཀའ་བའི་གནོད་འཚེ་ཞིག་གིས་ལྷིང་འཇགས་ཀྱི་རི་

གྲོང་དེ་གྱེས་བྲལ་གྱི་མིག་ཆུ་རུ་འགྱུར་

འགྲོ་བ་ག་ལ་ཤེས་སྲིད་ཨང་།

རྐྱེན་ངན་གྱི་རླུང་རྒོད་ནག་པོ་ཞིག།

གྱེས་བྲལ་གྱི་འཇིགས་པ་ཆེན་པོ་ཞིག།

ངུ་འབོད་ཀྱི་འཐབ་རྩོད་དྲག་པོ་ཞིག།

དིང་རི་ཡི་མི་དམངས་མགོ་ལ་ལྷུང་།

གངས་ཅན་ཡུལ་ནས་ཤ་ཁྲག་གཅིག་ལས་མཆེད་པའི་

ང་ཡི་སྤུན་ཟླ་དིང་རི་བ།

རི་བོ་ཇོ་མོ་གླང་མའི་འདབས་རོལ་དུ་འཚོ་བའི་ང་ཡི་

སྤུན་ཟླ་དིང་རི་བ།

ཁྱེད་ཚོའི་མགོ་ཐོག་ཏུ་ཐེག་དཀའ་བའི་གོད་ཆགས་

ཆེན་པོ་ཞིག་བྱུང་སོང་།

ཁྱེད་ཚོའི་སེམས་ཐོག་ཏུ་གསོས་དཀའ་བའི་རྨ་ཁ་

ཆེན་པོ་ཞིག་བཟོས་སོང་།

ཁྱེད་ཚོའི་ལུས་སེམས་སུ་བཟོད་དཀའ་བའི་

སྡུག་བསྔལ་ལྕི་མོ་ཞིག་ལྷུང་སོང་།

འོན་ཀྱང་།

སྐྱོ་སྐྱོ་མ་གནང་།

དིང་རིའི་མི་དམངས།

འབྱུང་བ་ལ་སྙིང་རྗེ་མེད་ཀྱང་།

མི་ཡུལ་ལ་བརྩེ་བས་ཁེངས་ཡོད།

ཁྱེད་ཚོ་ལ་ད་དུང་ང་ཚོ་ཡོད།

ང་ཡི་སྤུན་ཟླ་དིང་རི་བ་ལགས།

ཁྱེད་ཚོའི་སྟེང་འོག་རྒྱབ་མདུན་ཀུན་ཏུ།

རླབས་ཆེན་གྱི་མེས་རྒྱལ་དང་སྤུན་ཟླའི་མི་རིགས་ཁག།

ད་དུང་རང་རིགས་ཀྱི་སྤུན་ཟླ་འགྲེང་ཡོད།

ང་ཚོ་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་།

སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཡིན།

ང་ཡི་སྤུན་ཟླ་དིང་རི་བ་ལགས།

སྡུག་གི་མུན་པ་ཇི་ལྟར་མཐུག་ཀྱང་།

ནམ་ཞིག་སྐྱིད་ཀྱི་ཉི་མ་འཆར་བར་རེ་བ་བྱེད་རོགས།

༼ བྱང་སྐྱ་རེངས། ༽