འབྱོར་ཕྱུག་འཛོམས་པོ་མིན་རུང་ཁང་ཁྱིམ་དུ། །
བཟའ་མིའི་འཛུམ་ཆུང་རི་མོ་ཤར་དུས་ཤིག །
མི་འདོད་འཕྲལ་དུ་བྱུང་བའི་ས་ཡོམ་གྱིས། །
སྐྱོ་གདུང་ཁྲི་མ་འབུམ་གྱི་དིང་རི་བ། །
ལས་ཀྱི་རླུང་དམར་དྲག་པོ་གང་ནས་ལྡང་། །
ཚེ་སྔོན་སྤྲིན་པ་ཐོར་བུ་གང་ནས་རྒྱུ། །
མི་དབང་ས་ཡོམ་ཐོག་གིས་བསྣུན་པ་ལས། །
དིང་རིའི་གནམ་ས་གཉིས་ལ་འགྲེ་ལྡོག་རྒྱག །
འཆི་བ་གང་ནས་འོང་བ་སུ་ཡིས་ཤེས། །
ངེས་མེད་འཇིགས་པའི་འཕྲང་ལམ་དོགས་ས་ཆེ། །
རྣམ་ཤེས་རླུང་གིས་སྤུར་བའི་ཤོག་བྱ་བཞིན། །
གར་སོང་འདི་འདུག་མེད་པའི་དིང་རི་བ། །
ཤུལ་ནས་ངུ་ངག་སྟོང་གི་མིག་ཆུ་བརླན། །
ཕྱག་གཉིས་ཕྲེང་དང་འཁོར་ལོའི་སྐྱེལ་མ་ཞུས། །
མིད་པ་བརྣང་ཞིང་སྡུག་གིས་འཚོ་བའི་ཁྲོད། །
བཟའ་ཚང་ཚོང་འདུས་མགྲོན་པོར་བསྔོ་སྨོན་ཞུས། །
ཤ་དང་རུས་པ་གཅིག་ཡིན་རིགས་ཀྱི་སྤུན། །
གདུང་སེམས་མཉམ་དུ་བསྐྱེད་ཡོད་ཁ་བའི་གྲོགས། །
སྙིང་རུས་སྡུག་གིས་མ་ཞན་སྤུན་ཟླ་ཚོ། །
མ་འོངས་བདེ་བར་སྨོན་ཡོད་གངས་ཀྱི་སྤུན། །
༼ རང་མདངས། ༽