国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་དབྱང་དམག་ཨུ་ཡིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས།

ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་བློ་མཐུན་རྒན་གྲས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་དང་པོའི་ཚེས18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་ཀྱི་ཚེས17ཉིན། ཀྲུང་དབྱང་དམག་ཨུ་ཡིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་ནས། དེ་གར་བཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས་རྒྱལ་ས་པེ་ཅིང་གི་གང་སར་སྤྲོ་སྣང་དང་ཞི་མཐུན་གྱི་རྣམ་པས་ཁེངས་པ་དང་། ཀྲུང་གོ་ཟློས་གར་ཁང་དུ་གློག་སྒྲོན་ཁྲ་ཆིལ་ལེར་སྤར་ནས་དྲོ་སྐྱིད་ལྡན་པ་ཞིག་སྣང་། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོང་། འཛུགས་སྐྲུན་བཅས་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་མཉམ་དུ་འཛོམས་ཏེ་དཔྱིད་གསར་བསུས་པ་རེད།

ཕྱི་དྲོའི་ཆུ་ཚོད4པ་ཡོལ་ཙམ་ལ། ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཚོའི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་ནས་ཕན་ཚུན་འཚམས་འདྲི་ཞུས་པ་དང་། ཁོང་ཚོའི་གཟུགས་གཞི་དང་འཚོ་བའི་སྐོར་ལ་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་མ་ཟད། འདས་ཟིན་པའི་ལོ་གཅིག་གི་རིང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་བརྒྱུད་རིམ་དང་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཐུན་མོང་ཐོག་ཕྱིར་དྲན་ཡང་གནང་བ་རེད། བློ་མཐུན་རྒན་གྲས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ། གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་སྲུང་བ། གདེང་ཚོད་བརྟན་གཏོང་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་ཆེད་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།( པར་ངོས་གཉིས་པར་གཟིགས།)