国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་དཀར་མཛེས་ཁུལ་འཐུས་མི་ཚོགས་པས་འཐུས་མི་ཚོགས་པའི་ཚོགས་འདུ་འཚོགས།

སྤྱི་ཟླ་དང་པོའི་ཚེས19ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པའི་འཐུས་མིས་སྡོད་ཡུལ་ནས་འཐུས་མི་ཚོགས་པའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དཀར་མཛེས་ཁུལ་འཐུས་མི་ཚོགས་པའི་ཚོགས་གཙོར་བདམས་པ་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དཀར་མཛེས་ཁུལ་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པར་བདམས་པ་རེད།

ཚོགས་འདུར་སི་ཁྲོན་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་ཏང་མི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་དང་། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་དྲུང་ཡིག་ཆེན་མོའི་མིང་ཐོ་འཆར་ཟིན་དང་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད། སྒྲིག་ཁྲིམས་སློབ་གསོ་བྱས་པ་རེད།

ཚོགས་འདུར་ནན་བཤད་བྱས་དོན། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་འགག་རྩའི་དུས་ཚིགས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན།

དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀུན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་བསྒྱུར་བཅོས་དང་འཕེལ་རྒྱས།བརྟན་བརླིང་བཅས་ལ་སྐུལ་བའི་ཁྲོད་དུ་གཅིག་བསྡུས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་ཆེད་བསམ་འཆར་དང་ཐབས་ཇུས་ཧུར་ཐག་འདོན་དགོས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་ཡོད་བསྒྱུར་བཅོས་གནད་དོན་གལ་ཆེན་དང་། སྤྱི་ཚོགས་ཀྱི་དོ་སྣང་ཆེ་བའི་གནད་དོན།དམངས་འཚོའི་གནད་དོན་གལ་ཆེན་བཅས་ལ་དམིགས་ནས་འབྲེལ་ཡོད་ལས་དོན་སྙན་སེང་མཉམ་དུ་གྲོས་ཞིབ་ཡག་པོ་དང་འཐུས་ཚང་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་མང་ཙམ་འཆར་འགོད་བྱེད་པ་དང་། གནད་དོན་ཐག་གཅོད་བྱེད་ཐབས་དང་ཐབས་ཇུས་ལ་དཔྱད་བསྡུར་མང་ཙམ་བྱེད་པ། སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འགོ་མང་ཙམ་འདོན་པ་བཅས་བྱ་དགོས། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་ཏེ། སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས་སྔར་ལས་ལྷག་པར་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་ནན་པོ། ཚོགས་འདུའི་སྤྱོད་ཚུལ་དང་སྒྲིག་ཁྲིམས་ཐད་ཀྱི“མི་ཆོག་པ་བཅུ”སོགས་སྒྲིག་ཁྲིམས་ཀྱི་བླང་བྱ་ཁག་ལ་བརྩི་སྲུང་ནན་པོ་བྱས་ཏེ། དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པའི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པ་བྱ་དགོས།། ( ལྷ་འཛོམས་ཀྱིས་བསྒྱུར།)