དུས་ཚོད་ཀྱིས་རྡེའུ་ཟུར་གསུམ་དེས།
ཁྱོད་དང་ང་ཡི་འདང་བརྩེའི་རི་མོ་བཏབ་པའི་མེ་ལོང་གས་ཁ་བྱས།
ལང་ཚོ་སྨིན་ཞིང་ཟད་མཐར།
ཁྱོད་ནི་རི་བོའི་རྒྱབ་ཀྱི་ཉི་ནུབ་ལྟར།
ང་ཡི་འཇིག་རྟེན་དུ་ཨ་འཁོར་ཡང་འཁོར་དུ་བྱས་ནས་ལྷག།
བྲེལ་འཚུབ་འཚུབ་ཀྱི་ལོ་ཟླ་དེ་དག།
མཚོ་ནང་གི་ཉ་མོ་འཁྱུག་འགྲོས་ལྟར་དུ་རྒྱུ་ཡང་།
ལས་ཀྱིས་བགོས་ནས་ཐོབ་པའི་ང་ཡི་ནམ་མཁའ་ཡི་དཀྱིལ་དུ།
སྤྲིན་དཀར་བཞིན་ལྡིང་བ་ནི་ཁྱོད་ཀྱི་འཛུམ་ཞལ་ཁ་ནའོ།
མེ་ཏོག་རྐང་གཅིག་པོ།
དབྱར་དགུན་དུས་ཀྱི་ཁྱད་མེད་གསོས་ནས།
མཚམས་སྤྲིན་གྱིས་ལྭ་བ་ངུར་སྨྲིག་གྱོན་དུས་ཤིག་ན།
གྲོང་ཁྱེར་གྱི་སུམ་མདོ་འམ་སྲང་ལམ་ཞིག་ནས།
གློ་རྡེག་ཏུ་ངོ་རིག་བྱུང་དུས་ན་ཁྱོད་ལ་སྐྱེས་སུ་འབུལ་བ་འདོད་ཀྱང་།
དེ་དུས་ངེད་གཉིས་ཀྱི་བར་ན་རབ་ཏུ་ངར་བའི།
རླུང་འཇམ་སིལ་བུ་གཅིག་གིས་བར་ཐག་གཅོད་ཡོང་བར་ཅི་ཆ།
ཁྱོད་རང་བློ་དཀར་གཞུང་དྲང་ཡིན་པས།
ཁྱོད་ཀྱིས་རང་ཉིད་ཀྱི་གཅེས་མིང་ལ་སྤྲིན་དཀར་བཏགས།
འདས་མ་ད་གསུམ་གྱི་ལོ་ཟླའི་འགྱུར་བག་ཁྲོད།
ང་རང་སྤྲིན་པའི་གསེང་དུ་གཡེང་བ་མེད་པ་འཛུམ་པའི་ཟླ་བ་བཞིན་དུ།
མཐའ་མི་ཟད་པའི་ཁྱོད་ཀྱི་དྲན་གདུང་གི་ནམ་མཁར་ལྷག་ནས་འདུག།
གངས་ཆབ་ཀྱིས་གསོས་པའི་“སྤྲིན་དཀར།”
མར་རྩམ་གྱིས་ལང་ཚོ་སྨིན་པའི་“སྤྲིན་དཀར།”
དྲན་པའི་ནམ་མཁར་འཛུམ་པའི་“སྤྲིན་དཀར།”
བརྗེད་པ་མེད་པའི་སྤྲིན་དཀར་ཀྱི་འདབ་མ།