国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུས་རབས་གསར་པའི་བསྟོད་ཚིག་དབྱངས་ལྡན་གཞོན་ནུའི་མགྲིན་གླུ།

ཉེར་གཅིག་དུས་རབས་གསར་པའི་ཆུ་སྐྱེས་གཞོན། །

མཚར་སྡུག་ལང་ཚོ་དཔལ་དུད་འཛུམ་པའི་ཤུལ། །

ཡིད་དགའི་མྱོས་པའི་རྐང་པ་དྲུག་ལྡན་གྱིས། །

བསྔགས་བརྗོད་གཤོག་པའི་གླུ་དབྱངས་འབུལ་བར་བྲེལ། །

ཤེས་དཔལ་སྐྱ་རེངས་གསར་པའི་ལང་ཚོ་ཡིས། །

འབྱོར་ཕྱུག་ཉི་མ་གཞོན་ནུ་མགྲོན་བསུས་པས། །

ཚུལ་མིན་བྲན་གཡོག་ལམ་ལུགས་སྨག་རུམ་སྟུག །

འགྲོ་མིའི་འཚོ་བའི་གཞིས་ཀར་སངས་པ་མཚར། །

ཁང་བཟང་ཚར་དུ་དངར་བའི་སློབ་གྲྭའི་མཚོར། །

གནའ་དེང་རིག་པའི་གནས་ཀྱི་འདབ་སྟོང་བཞད། །

སྣ་བརྒྱའི་ཤེས་བྱའི་རླབས་དཀར་རྩེད་དགར་རོལ། །

རོང་འབྲོང་གཞོན་ནུ་ངང་དཀར་ལྟར་འདུས་ལེགས། །

བློ་གྲོས་ཀུན་གསལ་བུ་མོའི་མངལ་ཁྱིམ་ལས། །

བལྟམས་པའི་ཚན་རྩལ་རིག་པའི་ཟླ་ཟེར་གྱིས། །

སྨིན་པའི་ཕུལ་ཕྱིན་ཐོན་རྫས་ཀུ་མུ་དས། །

འགྲོ་བློར་དགའ་བདེའི་འཚོ་བའི་སིམ་པར་རངས། །

ཆུ་འཛིན་རླབས་ཀྱིས་རྒྱུ་བའི་མཁའ་དབྱིངས་དང་། །

རྦ་རླབས་ལང་ལོང་རྩེན་པའི་མཚོ་མོའི་ངོགས། །

ཐོགས་མེད་རྒྱུ་བའི་གནམ་གྲུ་གྲུ་རྫིངས་རྣམས། །

མི་ཡི་རེ་འདོད་སྒྲུབ་པའི་ཕོ་ཉ་མཐོང་། །

རོང་དང་འབྲོག་སྡེ་གྲོང་དང་གྲོང་ཁྱེར་གྱི། །

མཛའ་མཐུན་མཐུན་པའི་ལག་གདང་སྦྲེལ་བའི་སླད། །

ལམ་ཕྲན་ལམ་ཆེན་ལྕགས་ཟམ་རྡོ་ཟམ་འབུམ། །

རྐང་གཉིས་འདྲེན་བྱེད་སྔུན་དུ་མཚར་སྡུག་འབར། །

ལུས་ཀྱི་འབྱུང་བཞི་འཁྲུག་པའི་ནད་རིགས་འབུམ། །

ཞི་བ་བཅོས་པའི་གནས་ཀྱི་ཐུ་བོ་ཉིད། །

འཚོ་བྱེད་སྨན་མང་འདུས་པའི་ཁང་བཟང་ནི། །

འགྲོ་མང་འཆི་བའི་ལམ་ནས་ཕྱིར་ལོག་གནས། །

ཁྲིམས་ལུགས་སྒོ་འཕར་ཡངས་མོར་ཕྱེས་པ་ལས། །

ཆོམ་རྐུན་ལོག་གཡེམ་ཚུལ་མིན་ལས་ཀྱི་རིགས། །

མི་ཡི་རིགས་ཀྱི་འཚོ་གཞིས་རྒྱང་བཀྱེད་དུས། །

མ་གྲོས་རྐང་གཉིས་ཕལ་གྱིས་བསྔགས་བརྗོད་འཐོར། །

ཤེལ་གྱི་འཆར་ངོས་ཤིག་ནས་འཇིག་རྟེན་གྱི། །

ཕྱི་ནང་ལྟད་མོ་མཐོང་བའི་ངོ་མཚར་སོགས། །

བརྗོད་འདས་དུས་རབས་གསར་པའི་འཕོ་འགྱུར་ནི། །

འཆར་ཀའི་ཉི་མའི་ཟེར་འགྲོག་རྡུལ་ལྟར་མོད། །

བརྗོད་བྱའི་དོན་གྱི་དངུལ་དཀར་ཕོར་བ་ནང་། །

རྗོད་བྱེད་ཚིག་གི་ལོ་ཆང་ཞིམ་ལྡུག་སྟེ། །

ཉེར་གཅིག་དུས་རབས་གསར་པའི་གཞོན་ནུ་ལ། །

ཟོལ་མེད་ལག་པའི་ཟུང་གིས་བཏེགས་པར་བགྱིས། །