གྲང་ལྷགས་རབ་ཏུ་རྒོད་པའི་རྐྱེན་གྱིས་སམ།
ངའི་ལུས་སེམས་གཉི་ག་རྨས་མར་བཏང་སོང་བས།
སེམས་ཚོར་གྱིས་བཏབ་པའི་ཡིག་འབྲུ་འགའ་ཤོག་ངོར་སྤུངས།
མི་ལྡོམ་ཞིག་གི་མིང་དོན་ཁྱེར་ནས།
ངེས་མེད་དུ་ས་མཐར་གྱར་དུས།
ཕ་ཡུལ་དང་ཡུལ་མི་ཚོར་ཞེ་འདང་ཟབ་ཡོད་ལ།
ཉེ་སར་གཅར་དུས་ཞེ་འདང་ཟབ་རིན་ཡོད་པ་ཞིག་ཚོར།
བཞུད་ཀྱིན་པའི་ལོ་ཟླ་དེ་དག།
ཞིབ་མོའི་བློ་དང་གསན་བསམ་གྱི་སོ་ཁ་ནས་ལྟ་ཚེ།
འཚོ་བ་དང་མི་ཚེ་ཡི་ཁ་དོག་དང་གཟུགས་དབྱིབས་མཐོང་བས།
ངའི་སེམས་པའི་གཏིང་རུམ་ནས་སྨྲེང་བའི་རླབས་རིས་འཕྱུར།
དབྱངས་གསལ་སོ་བཞིའི་མཐེབ་གཞོང་ནང་རོལ་དུ།
མཛུབ་མོ་ལྷོད་ཀྱིས་རྐྱང་སྐུམ་བྱེད་ཚེ།
ཚོར་བའི་རྒྱུད་སྐུད་ཕྲ་མོ་འདར་ཡོམ་ཡོམ་གྱིས།
ང་ཡི་ལྷིང་འཇགས་ཀྱི་འཚོ་བ་རྒྱང་དུ་བསྐྲད་འགྲོ་ཨཱང་།
དུས་ཚོད་ཀྱི་ལྡུམ་རའི་དཀྱིལ་ནས།
ཁྱོད་ཀྱིས་ཤེས་ཡོན་གྱི་མེ་ཏོག་བཏུ་ཆོག་ལ།
ནོངས་འགྱོད་དང་སྨྲེང་སེམས་ཀྱི་རྐང་དྲུག་ལྡིང་ཆོག་མོད།
འོན་ཏང་།
ཕྱིར་དྲན་ཀློང་གི་འཛུམ་ཞལ་དག་ཁྱོས་གཏན་ནས་བརྗེད་ཐབས་ཤིག་མི་རྙེད།