国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚིག་གི་སྐྱེམས་ཆང་བཏེགས་པ།

སོར་རྩེའི་པད་མའི་མཚོ་ཆེན་རླབས་དཀར་གྱིས། །

ངག་རིག་སྙན་ཚིག་ཆུ་སྐྱེས་སྒུལ་བ་མོ། །

འཆི་མེད་ལེགས་རིས་སྲས་མོའི་མཚན་སྤུད་པར། །

ཟོལ་མེད་སྙན་པའི་ཚིག་འདི་སྐྱེས་སུ་བཏེགས། །

གཡུ་ཐོག་ཟམ་པའི་སྒང་གི་སྙན་ངག་མའི། །

ཚོར་འདུ་ལོ་མ་བསྒུལ་བའི་སྙན་ཚིག་གི །

ཟིལ་བ་སྣང་བའི་རི་གྲོང་ཟགས་པའི་སྒྲས། །

ཞི་བའི་ཞེ་ལ་དབྱངས་ཀྱི་རོལ་མོ་བསྐྲུན། །

ཆུ་མོར་ངང་ངུར་རྩེན་པའི་ཁ་མཐའ་ན། །

དྲན་གདུང་ཚོར་ཤེས་དབྱངས་གསལ་ལ་བརྒྱུས་པའི། །

ཀ་ལི་ཚིག་གི་ཕྲེང་བ་རེ་རེ་ནང་། །

མ་བཅོས་སེམས་ངོ་བསྟན་པའི་མཐོང་སྣང་མཛེས། །

ཉི་ནུབ་བྱ་ཁྱུ་ཚང་བསྙེགས་ས་སྲོས་རེར། །

མ་བསུས་དཔྱིད་ཀྱི་དྲན་པ་ཡིད་འཁོར་དུས། །

མི་སེམས་མཚོ་མོ་བསིལ་བའི་སྙན་ངག་གི །

ཟླ་བ་སོར་རྩེའི་འཕྲུལ་གྱིས་བཞེངས་སམ་ཀྱེ། །

ལང་ཚོ་པད་མའི་འདབ་སྟོང་རྒོད་པའི་དཔྱིད། །

ལོ་ཟླའི་སད་ཀྱིས་བཅོམ་པའི་མར་ཤེད་ན། །

འདང་བརྩེའི་གཞོན་པའི་དུས་ཀྱི་དྲན་པ་རེ། །

སེམས་ཀྱི་པད་ལྡེབས་ངོས་སུ་འཕུར་ལྡིང་རོལ། །

ཟོག་རྫུན་གཡའ་དག་ཟངས་ཀྱི་མེ་ལོང་ངོར། །

ཀུན་རྟོག་པིར་རྩེས་ལྡེམ་ལྡེམ་འཁྱུག་པའི་ཤུལ། །

མག་མོག་འཇིག་རྟེན་ཞིག་གི་རི་གྲོང་ཀུན། །

ཉེ་བའི་མི་ཡི་མིག་ཀོང་དཀྱིལ་དུ་འཕོས། །

གནག་སྣུམ་ལན་བུར་སྐྲ་དཀར་ཉག་མ་གཡོ། །

ཕྲ་ལྡེམ་ལུས་ཀྱི་འཁྲི་ཤིང་ལང་ཚོར་འཆོར། །

སྨྱུག་ཞེན་མ་ལའི་ཙན་དན་ཕྲེང་བ་མཛེས། །

ད་དུང་མགུལ་བར་ཐོག་འདིར་ཡི་རངས་མོད། །

གངས་འདབས་ལྷུང་ལྷུང་བཞུར་བའི་གཙང་ཆབ་ཟོལ། །

མཛངས་མའི་སྨྱུག་ཁར་ལུད་པའི་སྙན་པའི་དངགས། །

འཆར་ཡན་རི་དྭགས་ཉུལ་བའི་གཉུག་མའི་ཞེར། །

སིམ་པའི་མྱོང་ཤེས་འདི་ཀས་སེམས་རབ་མྱོས། །