国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལེགས་བཤད་གསེར་གྱི་ཐུར་མ།

ཚོགས་གཉིས་བསོད་ནམས་རི་བོའི་ལྡེབས་ངོས་སུ། །

ལེགས་འཁྲུངས་སྐུ་མཆོག་ཙན་དན་ལྗོན་པའི་ཏོག །

ཚུལ་ཁྲིམས་ཡལ་གའི་རྩལ་རྫོགས་མེ་ཏོག་གྲོལ། །

བློ་གྲོས་བུང་བའི་གར་སྟབས་བསྒྱུར་དེར་འདུད། །

གང་གི་ལེགས་གསུང་ཆོས་དུང་སྒྲ་དབྱངས་ཀྱིས། །

དམར་སེར་རབ་བྱུང་འདུ་ཁང་ཉེ་འདུར་བཞིན། །

ཉེ་རིང་གཟུར་གནས་འབུམ་གྱི་སྙན་དབང་ཀུན། །

ཨེ་མ་འདུས་པའི་མཐོང་སྣང་ཀུན་གྱིས་བསྔགས། །

ཕྱོགས་ཞེན་ས་རྡུལ་འཕྱུར་བའི་ལྗོངས་འདི་ན། །

ཚངས་ཐིག་བློ་གྲོས་ཆར་སྤྲིན་རོལ་རྩེད་ལས། །

ལེགས་འབབ་ལེགས་བཤད་ཟིམ་ཆར་དགའ་སྟོན་གྱིས། །

འཐེན་འཁྱེར་ལྟ་བའི་མེ་ལྕེ་རྨང་ནས་འཇོམས། །

ལ་ལས་ཐུན་མོང་རིག་གནས་སྣང་ཆུང་བྱེད། །

འགའ་ཡིས་གཞུང་ཆེན་བསླབ་པར་རྒྱང་དུ་བཀྱེད། །

མགོན་ཁྱེད་མཐའ་གཉིས་མ་ལྷུང་དཔྱོད་ཤེས་མིག །

གངས་ཅན་མཁས་པའི་ཕལ་མོར་དབུལ་ཞིང་ཕོངས། །

གཞུང་ཆེན་དོན་གནད་རྟོགས་པའི་བློ་གྲོས་ཀྱི། །

དྲི་ཞིམ་ཙན་དན་ལྗོན་པའི་ཡལ་གའི་རྩེར། །

ཐུན་མོང་རིག་པའི་གནས་ཀྱི་མེ་ཏོག་ཚོམ། །

མཛེས་འཆོས་རྒྱན་དུ་དབུལ་ན་ཞེ་ཁྲེལ་གཞི། །

ཕྱི་ནང་ཐུན་མོང་རིག་གནས་ཆུ་རྒྱུན་ཅན། །

བློ་གསལ་མཚོ་མོའི་ངོགས་སུ་མཛེས་སྨིན་པར། །

རྒྱ་ཆེན་གཞུང་བཟང་འཆད་རྩོམ་ཀུ་མུད་གཉེན། །

མ་རིག་སྤྲིན་པས་ཉེ་བཏུམས་མཛེས་མ་ཡིན། །

རབ་གསལ་བློ་གསལ་བཟང་པོའི་བུམ་པ་བཟང་། །

མདོ་རྒྱུད་གསེར་གཡུའི་ཕྲ་རྒྱན་ལེགས་ཤན་ཞིང་། །

སྒྲ་སྙན་སྐར་རྩིས་རྨ་བྱའི་མཇུག་སྒྲོ་མཛེས། །

ཕར་ཕྱིན་རྒྱན་དུ་འདོད་འཇོ་མཁས་པའི་ཕུལ། །