ཉེ་ཆར། གོ་ལ་ཧྲིལ་པོའི་གསར་གཏོད་ཁྱབ་ཁོངས་སུ་དོ་སྣང་ཆེན་པོ་བྱེད་པའི་རྒྱལ་སྤྱིའི་ཨའེ་ཆི་བྱ་དགའ(ECI Awards)2024ལོའི་བྱ་དགའ་ཐོབ་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཏེ། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་ཡར་ཞུ་བྱས་པའི་རྒྱལ་ལམ317མཐོ་སྒང་དར་ལམ་རིག་གནས་བར་ཁྱམས་ཀྱི“དར་ལམ་དཀར་མཛེས། ཁྲོན་ནུབ་སྦས་ཡུལ”གྲགས་རྟགས་ལ་གྲངས་གཞི་རིག་གནས་ཡུལ་སྐོར་གསར་གཏོད་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པའི་གྲགས་རྟགས་གཅིག་པུ་དེ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་། “རྒྱུད་གཅིག་ལམ་གཅིག”གྲོས་གཞིའི་སྣེ་ཁྲིད་འོག་དཀར་མཛེས་ཁུལ་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་།རིག་གནས་དང་ཡུལ་སྐོར་ཐོན་ལས་དེ“རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་བྱས་ནས་གོ་ལ་ཧྲིལ་པོ་ཅན་དུ་བསྐྱོད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་གཏོད་པའི་འཕེལ་རྒྱས་འཐབ་ཇུས་བཏོན་པ་རེད།
རྒྱལ་ལམ317མཐོ་སྒང་དར་ལམ་རིག་གནས་བར་ཁྱམས་སྐྲུན་པའི་བརྒྱུད་རིམ་ཁྲོད་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྒྱུན་འཁྱོངས་ཏེ། ཁྱད་པར་ཅན་གྱི་ཡུལ་སྐོར་ཐོན་རྫས་དང་ས་རྟགས་རང་བཞིན་གྱི་རིག་གནས་ཡུལ་སྐོརIPབཏོད་པ་དང་། ཁམས་བྱང་ས་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་འགུལ་འཕེལ་རྒྱས་ལ་བསྐུལ་ནས“རིག་གནས་ཡུལ་སྐོར་ལེགས་རྫས”འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱུང་སྟེ།རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་པ་རེད།
སླད་ཕྱིན་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱིས་རྒྱལ་ལམ317མཐོ་སྒང་དར་ལམ་རིག་གནས་བར་ཁྱམས་དེ“དར་ལམ་དཀར་མཛེས། ཁྲོན་ནུབ་སྦས་ཡུལ”རིག་གནས་ཡུལ་སྐོར་གྲགས་རྟགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དཀར་མཛེས་ཁུལ་གྱི“དར་གོས་ཚོང་ལམ་དཔལ་འབྱོར་ཁུལ”གྱི་དམིགས་བསལ་གོ་གནས་དང་ནུས་པ་འབུར་དུ་ཐོན་པར་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རིག་གནས་དང་ཡུལ་སྐོར་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་དེ་ལྟར་བཤད་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)