ཡར་འཕགས་པས་གང་ས་གྲམ་ནས་སྙོམས་པར་འགྱུར་བར་མ་ཟད་ནས་སྤུས་གཙང་སྐྱེ་བ་ལའང་ཕན་ཐོགས་ཏེ་བོར་ཆེ་སྟབས་ཞིང་ས་རློན་པར་བཏབ་པ་དང་ཤུགས་མ་བསྒྲིལ་ནས་ས་བོན་བཏབ་པ་མི་བྱེད། རོལ་མཚམས་སུ་འདེབས་མཁན་གྱིས་རོལ་མཚམས་བཟུང་སྐབས་འགྲོ་སྟངས་བུ་མོ་གནས་ལ་འགྲོ་བ་ལྟ་བུ་ཞེས་ལུས་ཅུང་གུག་ཅིང་ལག་པ་སྐེ་རགས་འཆིང་ས་ལས་མར་ཕབ་སྟེ། མཛུབ་མོ་གསུམ་གྱི་བར་ནས་ས་བོན་གཏོར་ཏེ་རོལ་གྱི་ཕྱིར་མ་ཐོར་ཞིང་ནང་དུ་མི་ཆད་པར་བྱ་དགོས། གོང་དེ་དག་ཐམས་ཅད་ནི་གཙོ་བོ་ཞིང་ལ་ས་བོན་སྲབ་མཐུག་དང་སྟོང་ཆ་མི་འགྲོ་བའི་ཆེད་དུ་ཡིན། ས་བོན་སྲབ་མཐུག་གི་ཚད་ལ་འབུ་སྲིན་མང་བའི་ཞིང་ལ་མེད་པའི་ཞིང་ལས་མཐུག་དགོས་པ་ལྟ་བུ་ས་ཆ་སོ་སོའི་ས་གཤིས་མི་འདྲ་བ་དང་སྒང་གཤོང་ཕྱི་ནང་སོགས་ཞིང་མི་འདྲ་བའི་དབང་གིས་ཁྱད་པར་ཅུང་ཡོད་སྲིད་ཀྱང་སྤྱིའི་ཆ་ནས་ཕལ་ཆེར་འདྲ་སྟེ། དཔེར་ན་དཀར་མཛེས་གླིང་དུ་མི་ཚོས་མཛུབ་ལྔ་བརྐྱངས་པའི་ལག་པའི་སྤར་བ་ཁ་ས་ལ་སྦྱར་བའི་འོག་ཏུ་ས་བོན་ནས་འབྲུ་ལྔ་ནས་བཅུའི་བར་ཡོད་པ་ལ་སྲབ་མཐུག་ལེགས་པ་དང་བཅུ་ལས་བརྒལ་ན་ས་བོན་མཐུག་ཆེ་ལ་ལྔ་ལས་ཉུང་ན་སྲབ་དྲགས་པར་བགྲངས་པ་དང་། སྟོང་སྐོར་ཕྱོགས་ནའང་ལག་པའི་སྤར་བ་གང་གི་འོག་ཏུ་ནས་འབྲུ་བདུན་ཡོད་ན་ས་བོན་འདང་བ་ཡིན་ཞེས་ཚད་བཟུང་བ་ལྟ་བུ། མཐུག་དྲགས་ན་བོངས་མང་ཞིང་སྙེ་མ་ཆུང་ལ་འབྲས་བུ་ཉུང་བ་དང་སྲབ་དྲགས་ན་བོངས་ཉུང་ཞིང་ལོ་ལེགས་མི་ཡོང་། སྲན་མའི་ས་བོན་སྲབ་སྟུག་ནི་གོམ་པ་གང་གི་འོག་ཏུ་སྲན་འབྲུ་གཅིག་ཡོད་ནའང་འདང་བ་བརྗོད་ལ། དོན་དུ་ཞིང་ས་བཟང་པོའི་ནང་དུ་སྲན་མའི་ས་བོན་མཐུག་སོང་ན་ལུས་རིང་པོ་དང་བོངས་སྟུག་པོར་གྱུར་ཏེ་འབྲས་བུའི་འགོ་ལོང་མི་ཐུབ། ཞིང་ཆེ་ཆུང་ལ་ནས་ས་བོན་སྒྲོ་བ་ཅི་ཙམ་བཏབ་པར་བརྟེན་ནས་ཚད་འཇལ་བས་དུད་ཚང་སོ་སོས་རང་གི་ཞིང་སོ་སོར་ས་བོན་སྒྲོ་བ་ཅི་ཚད་གདབ་དགོས་པ་གསལ་པོར་ཤེས་བཞིན་ཡོད། གལ་ཏེ་ཚད་ལོང་མེད་པར་སྣང་ན་ཡང་བསྐྱར་ཁ་གསབ་ཀྱང་བྱེད་སྲིད། གོམ་པ་སྤོ་སྟངས་དང་ལག་པའི་མཆེད་སྟངས་སོགས་ཚུལ་བཞིན་དུ་ཡག་པོ་མ་བྱུང་ན་དབྱར་ཀར་ཞིང་ལ་སྐྱ་དོད་ཅེས་ལོ་ཏོག་ལ་སྲབ་སྟུག་ཤོར་བ་དང་རིང་ཐུང་མི་གཅིག་པ་སོགས་ཀྱི་རོལ་རིས་དོད་པས་ཡུལ་མི་ཀུན་གྱི་འཕྱ་སྨོད་བྱེད་ཡུལ་དུ་འགྱུར་སྲིད།
སྤྱིར་བཏང་སྔའི་ཡིག་རྒན་རྣམས་སུ། འདི་དུས་ཁྲི་དོར་སྣང་བཙུན་མོང་གི་བུས།། བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ།། དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས།། དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད།། ཅེས་པ་ལྟར་ཁ་བ་ཅན་ན་བཙན་པའི་དུས་ནས་འཇལ་ཚད་ལམ་ལུགས་དར་ཟིན་པ་བརྗོད་པ་དང་། འབྲུ་རིགས་སོགས་སིལ་བུར་སྤུངས་པའི་དངོས་རྣམས་ཤོང་ཚད་འཇལ་བའི་བྲེ་དང་ཕུལ་སོགས་ལ་བརྟེན་ནས་འཇལ་དགོས་པ་སྟེ། ནས་འབྲུ་སྐམ་པོ་ཆེ་བ་གཉིས་དང་། འབྲིང་བ་གཉིས། ཆུང་བ་གཉིས་བཅས་དྲུག་ཤོང་བའི་ཁམ་ཚིག་གང་ལ་ཁམ་ཕུལ་གང་། ཁམ་ཕུལ་དྲུག་ལ་སྟར་ཁའི་ཕྱི་པགས་ཕྱེད་བཅད་པ་གང་སྟེ་སྟར་ཕུལ་གང་། སྟར་ཕུལ་དྲུག་སྟེ་ཁྱིམ་བྱའི་སྒོང་པགས་ཕྱེད་བཅད་མ་གང་གི་ཤོང་ཚད་ལ་སྒོང་ཕུལ་གང་། སྒོང་ཕུལ་དྲུག་སྟེ་ལག་པ་ཡ་གཅིག་གི་ཁྱོར་བའི་ཤོང་ཚད་ལ་ཡ་ཁྱོར་གང་ངམ་མཁར་ཕུལ་གང་།(ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་ཕུལ་གང་དུ་རྩི་བ་ནི་ཕུལ་བདུན་ལ་བྲེ་གང་དུ་རྩི་བའི་ལུགས་ཡིན)མཁར་ཕུལ་དྲུག་ལ་མཁར་བྲེ་གང་། མཁར་བྲེ་ཉི་ཤུ་ལ་མཁར་ཁལ་གང་དུ་རྩི་བ་ཡིན་ཞེས་ཤོང་ཚད་རྩི་ཚུལ་གསལ་པོར་གསུངས་པ་དང་། ༡༦༣༢་ལོར་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་གི་སྐབས་སུ་བྲེ་ཚད་ཕུལ་བདུན་མ་དང་ཕུལ་དྲུག་མ་གཉིས་ལས་ཕྱི་མ་དང་། བྲེ་ཉི་ཤུ་ཐམ་པ་མཁར་ཁལ་གང་དུ་རྩི་བའི་ཚད་ལྡན་གྱི་མཁར་བྲེ་སོགས་གཏན་དུ་ཕབ་ནས་དབུས་གཙང་ཁམས་གསུམ་དུ་དམངས་གཙོ་བསྒྱུར་བཅོས་མ་བྱེད་བར་དུ་སྤྱོད་པར་གྲགས་པ་ལ། དེ་བཞིན་དུ་འདིའི་ཞིང་པ་ཚོས་ཀྱང་སྔོན་ཆད་དཔྱིད་ཀར་ས་བོན་མང་ཉུང་དང་སྟོན་ཀར་ཡོང་འབབ་ཆེ་ཆུང་འཇལ་བྱེད་ནི་སྒྲོ་བ་དང་། ཧོར་རྒྱ། བྲེ། འབོ། ཕུལ་སོགས་སྤྱད་མྱོང་ཡོད། དེ་ལས་རྒན་པ་ཚོའི་སྤར་བ་གང་ལ་ཕུལ་གང་དང་། ཕུལ་བདུན་ལ་བྲེ་གང་དང་། བྲེ་བདུན་ལ་འབོ་ཆུང་གང་། འབོ་ཆུང་བདུན་ལ་འབོ་ཆེན་གང་། འབོ་ཆེན་དོ་ལ་སྒྲོ་བ་གང་ཞེས་རྩི་བར་བཤད་ཀྱང་གཙོ་བོ་ཆེ་ཤོས་ནི་འབོ་དང་སྒྲོ་བ་ཡིན། བཅིངས་འགྲོལ་བཏང་རྗེས་རྒྱལ་ཁབ་ཀྱིས་རྒྱ་མ་དང་། སྲང་། ཞོ། སྐར་མ། ཁེ། ཏུན་སོགས་གཏན་དུ་ཕབ། འོན་ཀྱང་ས་ཆ་ཕལ་མོ་ཆེར་ས་བོན་མང་ཉུང་དང་ལོ་ཏོག་ཡོང་འབབ་ད་དུང་སྒྲོ་བ་ཁ་གྲངས་ཀྱིས་བརྩིས་པའི་སྲོལ་ཉམས་མེད། ཧོར་རྒྱ་གང་ལ་དིང་སང་གི་རྒྱ་མ་བདུན་དང་། འབོ་ཆེན་ལ་ཕལ་ཆེར་རྒྱ་མ་བཞི་བཅུ་ལྷག། འབོ་ཆུང་གང་ལ་ཨ་ཏོ་དེང་གི་རྒྱ་མ་བདུན་ཡོད་པར་བཤད། སྒྲོ་བ་ལ་ཆེ་ཆུང་སྣ་ཚོགས་ཡོད་ཀྱང་མང་ཉུང་ཚད་འཇལ་བྱེད་ཀྱི་སྒྲོ་བ་གང་ལ་ཧ་ལམ་འབྲུ་དེང་གི་རྒྱ་མ་བརྒྱ་ཡོད་པ་དང་། ཞིང་ས་སྒྲོ་བ་གང་གི་རྒྱ་ཁྱོན་ནི་ཕལ་ཆེར་དེང་སང་གི་མུའུ་གསུམ་དང་མཚུངས་པས་མཉམ་ལས་ཀྱི་སྐབས་སུ་ཞིང་པ་ཚོས་ཞིང་མུའུ་གང་ལ་ནས་ས་བོན་རྒྱ་མ་སོ་གསུམ་ཙམ་བཏབ་པར་གྲགས། འོན་ཀྱང་སྤྱིའི་ཆ་ནས་ཕྱི་ཞིང་ལ་ས་བོན་ནང་ཞིང་ལྟར་མཐུག་པོར་འདེབས་མི་རུང་པ་སོགས་གནས་ཚུལ་ཐ་དད་པས་མཐའ་གཅིག་ཏུ་ངེས་པར་མེད།
ནམ་འདེབས་པའི་དུས་ནི་ཞིང་རྨོ་ལ་ཉེ་བའི་སྔ་ཉིན་ཞོགས་པ་སྔ་དྲོ་ལ་གདབ་ཅིང་། ཕྱི་དྲོ་སོགས་ལ་བཏབ་པ་ནི་ལེགས་པར་མི་བརྩི། དེ་ནི་ཕལ་ཆེར་རླུང་གིས་མི་སྤུར་བའི་ཆེད་དུ་ཡིན་ཤས་ཆེ་སྟེ། རླུང་གཡོ་བའི་དུས་ས་བོན་བཏབ་སྲོལ་མེད། ནས་ས་བོན་འདེབས་ཁར་ཐོག་མར་ནམ་མཁའ་གཡའ་དག་པའི་དུས་སུ་ས་བོན་ཉི་མ་ལ་ཉིན་གཉིས་གསུམ་དུ་ལྡེས་ནས་བཏབ་ན་དེ་ལས་བཟང་བར་བརྗོད། ས་བོན་གསར་རྙིང་ནི་ཡིན་གཅིག་མིན་གཅིག་ལོ་སྔོན་མའི་ནས་བཏབ་ཀྱི། ལོ་གསུམ་ཡན་དུ་ཉར་ཟིན་པ་ས་བོན་བཏབ་པ་ལ་མྱུ་གུ་མི་སྐྱེ་ལ། སྲན་འབྲུ་གསར་པ་མཆུ་འབུར་བརྐྱངས་ཟིན་པ་ས་བོན་བཏབ་ན་ཡང་སྐྱེ་བ་མིན།
གྲོ་ནས་སྲན་གསུམ་སྨིན་པའི་ཡུལ་རྣམས་སུ་དཔེར་ན་ལོ་དང་པོར་སྲན་མ་བཏབ། དེའི་ཕྱི་ལོར་ནས་བཏབ། དེའི་ཕྱི་ལོར་གྲོ་བཏབ་པ་ལྟ་བུ་རེས་མོས་སུ་བསྐོར་ཏེ་བཏབ་པ་ཡིན། དེ་ལྟར་བྱས་པས་ལོ་ལེགས་ཡོང་བ་ལ་ཕན་ལ། སྲན་ནས་གཉིས་ལས་མི་སྐྱེ་བའི་ས་ནའང་སྲན་ནས་རེས་སུ་འདེབས་པ་ལས་ལོ་ཐོག་སྣ་ཁ་གཅིག་ལོ་མཐུད་དེ་ཡང་ནས་ཡང་དུ་ཕལ་ཆེར་མི་བཏབ། ནས་མ་གཏོགས་མི་སྐྱེས་ན་ལོ་རེར་ནས་བཏབ་ཅིང་ལོ་རེར་ཞིང་སྐྱ་ས་སྟེ་ཞིང་ཁ་ཐ་གོག་ཏུ་བཞག་པ་ཡིན། གལ་ཏེ་ནས་ལོ་མཐུད་དེ་ཡང་བཏབ་བྱས་ན་ཡག་པོར་མི་སྐྱེས་པས་ཕལ་ཆེར་འདེབས་སྲོལ་མེད་ལ། གཞུང་ལུགས་དག་ན་སྲན་མ་ཡང་ལོ་མཐུད་ནས་ཡང་བཏབ་བྱེད་མི་རུང་བའི་འབྲུ་རིགས་ཏེ། གལ་ཏེ་ལོ་བསྟུད་མར་ཡང་བཏབ་བྱས་ན་ཕྱི་ལོའི་སྲན་འབྲུ་ལ་གནོད་པ་ཆེ་ཞིང་ནད་དང་འབུའི་གནོད་པ་སོགས་ཇེ་ཆེར་འགྲོ་ལ། ཁྱད་པར་དུ་མེ་ཏོག་དཀར་པོ་ཅན་གྱི་སྲན་མ་ལ་མེ་ཏོག་སྨུག་པོ་ཅན་ལས་ཀྱང་གནོད་པ་ཆེ་བ་བརྗོད། དོན་དུ་རང་ཡུལ་ན་བདག་པོས་ཀྱང་སྲན་ཤུལ་དུ་ནས་བཏབ་པ་ལས་ནས་བཏབ་ཆོག་པའི་ཞིང་རྣང་ལ་སྲན་མ་ཡང་བཏབ་བྱེད་མི་བྲ། ཡིན་ན་ཡང་ནས་གཏན་ནས་ཡང་བཏབ་མི་བྱེད་པའང་མ་ཡིན་སྟེ་ཞིང་ས་ཤིན་ཏུ་བཟང་པོར་མུ་མཐུད་དེ་ཡང་ནས་ལོ་གསུམ་རེ་ལ་བཏབ་ཆོག་པ་དང་། ཞིང་རྒྱ་ཆུང་བའི་ས་ཆ་ཁ་ཤས་སུ་སྲན་མ་མི་སྐྱེ་བའི་ཞིང་རྣང་ཞིང་ཁ་ཐ་གོག་དབྱར་སློག་ཏུ་གཞག་མི་བྲ་བས་ནས་རྗེས་ནས་བཏབ་ལ། ཁང་པའི་རྩ་འགྲམ་གྱི་ཞིང་འགའ་རེ་ལ་ཚེ་ནས་ཞེས་ལོ་ལྟར་ནས་བཏབ་ནའང་ཡག་པོར་སྐྱེས་པ་སོགས་དམིགས་བསལ་བའང་ཡོད། དེ་ལ་བལྟས་ན་སྲན་མས་ཞིང་བཅུད་གསོལ་བ་དང་ནས་ཀྱིས་ཞིང་བཅུད་འཛད་པའམ་མ་མཐར་སྲན་མ་ལས་ནས་ཀྱིས་ཞིང་བཅུད་ཟད་མང་བས་གལ་ཏེ་ལུད་འདང་ངེས་བཀྲམ་པ་ཡིན་ན་ཞིང་ས་གཅིག་ཏུ་ནས་རྗེས་ནས་མུ་མཐུད་དེ་འདེབས་མི་ཆོག་པ་མ་ཡིན་པ་ཤེས་ཐུབ། གྲོ་ལོ་གསུམ་བཏབ་ན་བདག་པོ་ཁོག་བགད་ཤོར་ཞེས་གྲོ་ནི་ལོ་གསུམ་གྱི་རིང་ལ་ཡང་བཏབ་བྱས་ནའང་དགེ་མཚན་ལས་གནོད་པ་མེད་པར་བརྗོད་དོ།།
ས་བོན་འདེབས་ཚུལ་གཞན་ཞིག་ལ་གསབ་འདེབས་བྱེད་ཅེས་དཔྱིད་རྨོད་རྗེས་སུ་ཡང་བཏབ་བྱེད་པའི་སྲོལ་ཞིག་ཡོད། དེ་ནི་དཔྱིད་དུས་གྲོ་སྲན་ནས་གསུམ་གྱི་ལྗང་བུ་ཐོག་མར་ས་ངོས་སུ་འབུད་དུས་ས་བོན་ལ་ནད་ཕོག་པ་དང་འབུ་ཡིས་ཁྱེར་པ་སོགས་ཀྱིས་མྱུ་གུ་མ་འབུ་བ་ཞིང་སར་སྟོང་ཆ་དུམ་བུ་ལུས་པའི་གནས་ཚུལ་འབྱུང་བ་ཡིན། དེ་བཞིན་དུ་ཞོག་ཁོག་ཀྱང་ས་བོན་རུལ་བ་དང་བྱི་ལོང་གིས་ཟོས་པ་ཕག་གིས་བསློགས་པ་སོགས་ཀྱིས་ཞིང་ས་དུམ་བུ་སྟོང་ཆ་ལུས་པའི་སྐབས་མང་། དེ་དུས་ཕ་མེས་ཚོས་འཇོར་བུས་ས་བོན་ཡང་བསྐྱར་བཏབ་ནས་ཁ་གསབ་བྱེད་པ་ཡིན། འོན་ཀྱང་དེ་ནི་ལོ་དུས་ལྟར་བྱ་དགོས་ཐུག་པ་ཞིག་དང་དུས་ནམ་ལ་ཡང་བྱེད་ཆོག་པ་ཞིག་ནི་མ་རེད། ས་བོན་ཁ་གསབ་བྱེད་པ་ལ་དེང་སང་ཞིབ་འཇུག་བྱེད་མཁན་ཚོས་ཀྱང་ནས་ས་བོན་བཏབ་རྗེས་གལ་ཏེ་ཞིང་ས་སྐམ་ཤས་ཆེ་ན་གཅོག་གནོན་ཐེངས་ཤིག་བྱས་ན་ལྗང་བུ་ཐོན་པ་ལ་ཕན་ཐོགས་ཡོད། ལྗང་བུ་འབུད་རྗེས་ཞིང་སར་སྟོང་ཆ་དུམ་བུ་ལྷག་པ་དང་ལྗང་བུ་ལ་ཆད་སྐྱོན་ཤོར་བ་བཅས་བྱུང་ན་མགྱོགས་མྱུར་དུ་ས་བོན་འདེབས་པ་དང་ལྗང་བུ་སྤོ་འདེབས་བྱེད་པས་ཁ་གསབ་བྱས་ཏེ་ལྗང་བུ་ཁ་ཚང་པོ། སྐྱེ་སྙོམ་པོ། གྲལ་འགྲིག་པོ་བཅས་སུ་ཡོང་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད།
ཞིང་པ་ཚོས་གྲོ་ནས་སྲན་གསུམ་གྱི་ས་བོན་ལ་ལོ་གཅིག་གི་ལོ་ཐོག་ཡོད་པ་དོན་གནས་ཀྱི་འགོ་མ་འབྲས་བུ་ཆེས་བཟང་བ་རྣམས་བདམས་ནས་རང་གི་བཟའ་རྒྱུ་ལས་ཀྱང་ལྷག་པར་གཙིགས་ཆེན་པོས་ཉར་ཚགས་བྱེད་པར་མ་ཟད། ས་བོན་མ་བཏབ་གོང་ལ་དུད་ཚང་སོ་སོས་ཆེད་དུ་དྲུབ་པའི་སོན་ཁུག་ཆུང་ངུ་གང་རེ་ཕྲིས་ནས་དགོན་པའི་འཆམ་དང་དུས་ཆེན་སྐབས་སུ་བླ་མ་དང་དགེ་འདུན་གྱི་ཚོགས་སུ་སྔགས་དང་ཕུ་བཏབ་ཏུ་བཅུག་རྗེས་སོན་གཞན་དང་བསྲེས་པ་དང་། འདེབས་ལ་ཉེ་སྐབས་སྤོས་དང་ཤུག་པ་བདུག། ས་བོན་རྐུབ་གདན་བྱས་ནས་ཐོག་ཏུ་མི་འདུག། སྒྲོ་སྣོད་ཁ་ཕྱེ་ནས་མི་འཇོག་པ། ཁུར་དུས་མི་གཅིག་གིས་གཅིག་གི་རྒྱབ་ལ་ཡར་མི་བཀྱགས་པར་རང་རང་གིས་ཁུར་བ་སོགས་ངེས་པར་དུ་བསྒྲུབ་དགོས་པའི་འགྲོ་ལུགས་མང་པོ་ཞིག་ཡོད། ཞིང་རྨོ་བའི་ཉིན་ལ་ཞོགས་པ་སྐྱ་རེངས་ཤར་བ་ནས་ཐུ་བའི་ནང་དུ་ས་བོན་ཁྱེར་ཏེ་ཞིང་ནང་དུ་ཡང་བསྐྱར་ཉུང་ངུ་མཆེད་ལ། དེ་ནི་ས་བོན་གཉིད་དཀྲོག་ཅེས་བརྗོད་ཅིང་མ་དཀྲོགས་ན་ས་བོན་ཞིང་དུ་གཉིད་ནས་ཡོད་པས་ལོ་ལེགས་མི་ཡོང་ཞེས་ཟེར་སྲོལ་ཡོད། དེ་བཞིན་དུ་ལེགས་བཤད་ཨུཏྤལའི་སྡོང་པོ་ལས། ས་བོན་ཁལ་གཅིག་བྲེ་བཞིའི་ཞིང་ཚད་ལ།། བྱ་བྲུན་བྲེ་གང་དེ་ཡིས་འབུ་སྲིན་སྲུང་།། ཆང་ཞིམ་བྲེ་གང་ཐན་པའི་སྐྱོན་དང་བྲལ།། མར་ནག་ཕུལ་གང་དེ་ཡིས་བཙའ་མི་འབྱུང་།། བུད་མེད་ཆུ་རྒོད་བྲེ་གང་སྐྱེ་ཚན་ཆེ།།(ཞུད་མ)བྲེ་ཕྱེད་སད་ཀྱི་གནོད་པ་མེད།།(སེ་རུལ་སྦང་ཁུ)བྲེ་ཕྱེད་ཆར་སྲན་ཆེ།། སྒོག་སྐྱའི་འདབ་ཤུན་བྲེ་ཕྱེད་དར་བ་མགྱོགས།།(ཕབས་རྡོག་ཁམ་བུ་སྐམ་པོ་ཙམ)པ་བཅུ།། དེ་ཡིས་རྫས་ཞིང་ས་བོན་ཡོངས་སུ་(འཁུན)།། དེ་རྣམས་ཞིབ་བཏགས་བུད་མེད་འབྲུག་ལོ་མའི།། མལ་འོག་ཞག་གཅིག་མནན་ཏེ་ས་བོན་དང་།། འདྲེས་པར་སྦོལ་ཏེ་ཞིང་ལ་འདེབས་པ་ཡིན།། འབྲུ་བཅུད་ལོ་འཕེལ་སྐལ་བ་བཟང་པོ་བྱེད།། ཞེས་གསུངས་པ་ལྟ་བུ་སྒང་པ་བོད་པའི་ཡུལ་