国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་བ་གྱ་གྱུ།

ལྗང་མདོག་རྩྭ་ཐང་སྟེང་དུ། །

དཀར་དམར་ཚོན་མདངས་བྱུགས་འདུག །

འཛུམ་དང་འཛུམ་གྱི་བར་ན། །

སྣང་བ་སྐྱིད་སྐྱིད་འདྲ་ལེ། །

སྤང་ལྗོངས་སྔོན་མོའི་ཁུགས་ཀྱི། །

པདྨར་འཁྲེང་བའི་རྣམ་ཤེས། །

དབྱར་གཞུང་སྐྱིད་པོའི་ཁྲོད་ནས། །

མཛེས་རིས་མཚོ་བཞིན་འཁྱིལ་སོང་། །

རང་བྱུང་མཛེས་སྡུག་རེ་ལ། །

ཡིད་ཀྱི་འཁྲེང་སེམས་རེ་རེ། །

དུས་ཀྱི་འགྱུར་ལྡོག་རེ་ལ། །

དྲན་པའི་སྨྲེང་བ་རེ་རེ། །

དྲན་པའི་མཚོ་ཁར་བཞད་པའི་། །

མཛེས་འཛུམ་མེ་ཏོག་སེར་ཆེན། །

དྲི་བསུང་ཕྱོགས་བཞིར་མཆེད་པ། །

ཡིད་ཀྱི་འཐིལ་ལ་བབས་སོང་། །

སྙིང་ལ་ཟིམ་པའི་མེ་ཏོག །

མིག་ལ་མཛེས་པའི་རི་མོ། །

སྣང་བའི་ངོས་ལ་བབས་པས། །

བརྩེ་བའི་གཏིང་ལ་ཟུག་སོང་། །

དགའ་སྐྱོའི་སེམས་ཚོར་མང་པོ།

སེམས་དང་སེམས་ཀྱི་མྱང་བྱ། །

ལང་ཚོ་དབྱར་གྱི་མཛེས་པ། །

མིག་དང་མིག་གི་དགའ་སྟོན། །

བསིལ་འཇམ་རླུང་བུའི་རེག་བྱ། །

བར་མེད་ལུས་ལ་རེག་དུས། །

ཚོར་ཤེས་རྐྱེན་པོའི་བར་ནས། །

ཚིག་གི་ཆར་བ་བབས་བྱུང་། །

རང་སྣང་གྱ་གྱུ་ཕྲ་མོ། །

བརྗོད་པ་ཚིག་གིས་མི་མཚོན། །

རྣམ་ཤེས་ཕལ་བ་ཞིག་གིས། །

ངལ་གསོ་ཐེངས་གཅིག་བྱེད་འདོད། །

དྲན་པ་སྟོང་པའི་དབྱིངས་སུ། །

ཚོར་བའི་རླུང་ཡན་ལྡང་དུས། །

ཚོར་སྣང་དབྱིངས་ལ་ཟུག་ནས། །

ཚངས་མགུར་ཐེངས་ཤིག་གྱེར་འདོད། །

༼ མེ་ཆར། ༽