国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྗེད་བཞིན་པའི་ཉིན་ཐོ།

ངས་ཤེལ་མིག་གང་ལ་བཞག་ཡོད་པ་མི་དྲན། ད་ནངས་ཞོགས་པར་ཤེལ་མིག་དྲན་དུས་གང་ན་བཞག་ཡོད་པའང་དྲན་རྒྱུ་མི་འདུག། ཉིན་གཉིས་ཀྱི་སྔོན་ནས་ངས་ཤེལ་མིག་དེ་ཏག་ཏག་མི་འབོར་བའི་ཆེད་དུ་རང་ལ་དྲན་སྐུལ་ཐེངས་འགའ་བྱས་ནའང་། དྲན་འཛིན་དེའི་ནུས་པ་ཡུན་རིང་བསྡད་མེད་པ་འདྲ། ང་རང་ནམ་རྒྱུན་གང་ཞིག་ལ་དབྱིངས་ཞུགས་ཡོད་པ་ཡིན་ནམ། སྟོད་གོས་གང་དུ་ཕུད་པ་དང་འཕྲུལ་རྟའི་ལྡེ་མིག་གང་ལ་བཞག་པ། མི་སུ་དང་ཁ་བརྡ་ཅི་འདྲ་བྱས་པ་དང་། མངགས་བཅོལ་གང་དག་ཡོད་པ་གློ་བུར་དུ་བརྗེད་ཀྱིན་འདུག། དེ་ནི་ང་ལ་དོན་དག་འགངས་ཆེན་འགའ་ཞིག་ཡོད་པའི་དབང་གིས། དོན་ཆུང་ཙག་ཙིག་ལ་སྣང་བ་གཏོང་བའི་ཁོམ་ལོང་ངམ་དུས་ཚོད་མེད་པ་ཡེ་ནས་མ་ཡིན་ཏེ། ཡུལ་འདིར་ང་ལས་ཁོམ་དྲགས་པའི་མི་ཞིག་མེད་ཚོད་དུ་སྣང་།

ད་ནངས་ང་རང་གཉིད་ལས་སད་དུས་ནོར་གནག་ཁྱུ་དང་ཁྱུ་བྱས་ཏེ་ཐང་གཞུང་དུ་གྲམ་འདུག་པས་ཡུལ་མིས་ཉིན་གཅིག་གི་བྱ་བ་དག་རབ་གཅིག་བསྒྲུབས་ཚར་བ་འདྲ། ཡིན་ཡང་ང་ལ་ཉིན་འདིར་ངེས་པར་བསྒྲུབ་དགོས་པའི་བྱ་བ་ཅི་ཡང་མི་འདུག་པས་འཆར་གཞི་མེད་པའི་ཉིན་གཅིག་གང་འདོད་དུ་བསྐྱལ་བ་ལས་ཅི་ཡོད། ཉིན་འདི་ཙམ་མིན་པར་ངས་འཆར་གཞི་ཅི་ཡང་མེད་པའི་ལོ་ཟླ་རེ་ཟུང་བསྐྱལ་མྱོང་བས་དེ་རིང་ལ་དམིགས་བསལ་གྱི་འཆར་གཞི་ཅི་ཞིག་ཡོད་སྲིད་དམ། ངས་ད་ལྟ་འཆར་གཞི་གསར་པ་ཞིག་བཟོ་དགོས་ཀྱང་བཟོ་མི་ཤེས།

ངས་ཁང་པ་སྟེང་འོག་གཉིས་ནས་ཤེལ་མིག་དེ་བཙལ་ཀྱང་ངལ་བ་འབྲས་མེད་དུ་གྱུར། དོན་དེ་ཨ་ཕས་ཤེས་རྟོགས་བྱུང་བས་ཁྱོད་ཆུང་དུས་དང་མི་འདྲ་བར་སྒྱིད་ལུག་ཅིག་ཏུ་གྱུར་འདུག་ཅེས་པ་དང་། དོན་དག་གང་ཡིན་ཡང་དྲན་པ་གཏད་ནས་གཟབ་ནན་བྱེད་དགོས་པའི་ཁ་ཏ་བྱས་བྱུང་། ཉིན་འདིར་ཁྱིམ་མི་དག་གིས་རུ་བསྐྱལ་བར་གྲ་སྒྲིག་བྱེད་བཞིན་འདུག་པས་ཧ་ཅང་མི་ཁོམ་པའི་སྒང་རེད། དངོས་གནས་ཁོ་ཚོའི་དྲན་འཛིན་དང་ངའི་དྲན་འཛིན་གཉིས་གཏན་ནས་མི་འདྲ་བ་འདུག་སྟེ། སྒྱེ་མོ་གང་ཞིག་ཏུ་སྣོད་ཆས་ཅི་ཞིག་བསྡུས་ཡོད་མེད་དང་། ན་ནིང་སུ་ཚང་ནས་ཅ་ལག་གང་ཞིག་གཡར་བ། སུ་ཚང་གིས་ཅི་ཞིག་གཡར་བ་ཡོད་ཚད་བློ་ལ་དམ་དུ་བཟུང་འདུག ངའི་བློ་འཛིན་གྱི་ནུས་པ་འདི་ནམ་ཞིག་བག་ལ་ཞ་སོང་བ་ཡིན་ནམ། ལོ་ངོ་བཅོ་ལྔ་དང་བཅུ་དྲུག་གི་སྐབས་སུ་སུམ་རྟགས་དག་གསུམ་གྱི་རྩ་བ་དང་འདོན་ཆོག་མང་པོ་ཞིག་བློར་ཡོད་པར་མ་ཟད། རང་གིས་སྒྲུབ་ཐུབ་པའི་བྱ་བ་ལ་གཟབ་ནན་དང་ཞིབ་ཚགས་བྱེད་པར་དགའ། ད་ལྟ་ནི་དེ་ལས་ལྡོག་སྟེ་གཞུང་ལུགས་ཀྱི་རྩ་བ་བློར་མི་ཟིན་པ་དང་། བྱ་ལས་གང་ལའང་གཟབ་ནན་དང་ཞིབ་ཚགས་བྱེད་པའི་ཡི་ག་འགགས་འདུག། གནས་ཚུལ་འདི་དག་ལེ་ལོ་གཅིག་པུར་ཁག་འགེལ་དགོས་ཚེ་ང་ནི་སེམས་ཅུང་ཕམ་བཞིན་འདུག སེམས་ཕམ་བྱུང་ཡང་ལོ་ལེ་མིན་པའི་རྒྱུ་རྐྱེན་གཞན་དག་ཅི་ཡང་མི་རྙེད་པ་འདུག་པས། ངས་ད་བར་རང་མགོ་གཡོག་བྱེད་དམ་རང་ཉིད་ལ་རྒྱུ་མཚན་གཞན་ཞིག་གིས་འགྲེལ་བཤད་བྱེད་མ་ཐུབ།

ཆུང་དུས་ཁུ་བོ་དྲིན་ཆེན་ནམ་རྒྱུན་རྫོང་ཐོག་ཏུ་འགྲོ་བའམ་ས་ཆ་གཞན་ཞིག་ཏུ་སོང་ཚེ་ངས་བརྡ་སྦྱོར་བྱས་པ་དག་བརྗེད་འགྲོ་བའི་གོམས་གཤིས་དེ་ལ་མོས་པ་དབེན། ནར་སོན་རྗེས་ཀྱང་ཁུ་བོ་དྲིན་ཆེན་ནི་དོན་བྱ་ཙག་ཙིག་ནམ་རྒྱུན་བརྗེད་འགྲོ་བ་དང་། ཅ་དངོས་ཆ་ངེ་ཆུང་ངེ་དག་བོར་སྟོར་ཐེབས་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང་། སྐབས་དེར་ང་ནི་མི་དེ་རིགས་མིན་པར་མ་ཟད་མི་དེ་རིགས་ལ་སྣང་ཆུང་བྱེད་མཁན་ཞིག་ཡིན་མྱོང་ན་ཡང་། ལོ་ཟླ་དེ་འདྲ་མང་པོ་ཞིག་འདས་རྗེས། ང་ནི་འཚོ་བ་དང་མི་གཤིས་ཀྱི་འགྱུར་བ་མང་པོ་བརྒྱུད་བརྒྱུད་དེ། དེ་དག་ལས་ཀྱང་བརྗེད་ངེས་ཚ་བའི་མི་ཞིག་ཏུ་གྱུར་འདུག།

ད་ལྟའི་ང་རང་འདི་ལྟར་བྱ་དངོས་དག་ལ་སྣང་འཇོག་མེད་པ་ནི། ངས་མྱོང་བའི་སློབ་གསོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ནམ། དེ་ནི་ཧ་ལམ་མི་སྲིད་པ་ཞིག་དང་འདྲ་སྟེ། ངས་ད་བར་དུ་སྦྱངས་མྱོང་བའི་གཞུང་ལུགས་དག་ནི་མཚན་ཉིད་དང་དབྱེ་བ་མང་པོས་ཞིབ་ཕྲར་བྱས་ཡོད་པ་དང་། དུས་ཚོད་སྐར་ཆ་རེ་རེར་འབད་བརྩོན་བསྐྱེད་དགོས་པའི་སྐུལ་འདེད་བྱས་ཡོད་པས། ང་ནི་ཧ་ལམ་ལྡོག་ཕྱོགས་ནས་འཚར་ལོངས་འབྱུང་བཞིན་ཡོད་པ་འདྲ། ད་ལྟའི་ང་ནི་དུས་ཚོད་དང་འབྲེལ་བ་ཡེ་མེད་པའི་ཚོར་སྣང་འབྱུང་བཞིན་འདུག། ཉིན་འདི་ཚོར་གཉིད་རྒྱུ་དང་ཟ་རྒྱུ་གཉིས་ལས་དུས་ཚོད་ལ་གོ་རིམ་དང་བཀོད་སྒྲིག་ཅི་ཡང་མ་བྱས། ཁྱིམ་མི་དང་ལྷན་དུ་རུ་བསྐྱལ་བའི་ལས་ཀ་དེར་ཡང་ཞུགས་མ་ཐུབ། བསམ་བློ་ཞིག་བཏང་ན་ཏག་ཏག་འུར་འུར་ཟིང་ཟིང་གི་ལས་ཀ་དེར་ཞུགས་ཏེ་དུས་ཚོད་དང་འཚོ་བ་ལ་གོ་རིམ་ཞིག་ཡོད་པ་བྱས་ན་སྙམ། ཞོགས་པར་བསྒྲུབ་དགོས་པ་དག་ཞོགས་པར་སྒྲུབ་པ་དང་ཕྱི་དྲོར་བཟོ་དགོས་པ་དང་ཕྱི་དྲོར་ངེས་པར་བཟོ་དགོས་པའི་འདེད་ཤུགས་ཤིག་ཡོད་ན་སྙམ། ཡིན་ཡང་དེ་ནི་གུས་པའི་ཉིན་གཅིག་གཉིས་ཀྱི་འཚོ་ཚུལ་ལས་མ་འདས་པས། མི་ཚེ་དངོས་ལ་བཅོས་བསྒྱུར་བྱས་པ་ཞིག་མ་ལགས།

དེ་རིང་ང་ཙམ་མ་ཟད་ཨ་ཅེ་དང་ཨ་ཕ་གཉིས་ཀས་ཕར་སློག་ཚུར་སློག་མང་ཙམ་བྱས་ཀྱང་ཤེལ་མིག་དེ་རྙེད་རྒྱུ་མ་བྱུང་། དངོས་གནས་ངས་བོར་སོང་བ་ནི་ཤེལ་མིག་ཙམ་མིན་ཏེ། ཇ་བཏུང་སའི་ཤེལ་ཕོར་དང་ཁ་པར་གྱི་རྣ་ཞུགས་ཀྱང་གང་དུ་བཞག་ཡོད་པ་མི་ཤེས། སེམས་རྣལ་དུ་ཕབ་སྟེ་བསམ་གཞིག་ཅིག་བྱས་ན་གནས་ཚུལ་འདི་དག་དངོས་གནས་ལོ་འདི་ཚོའི་འཚོ་བའི་གོམས་གཤིས་དང་འབྲེལ་བ་ཡོད་པ་འདྲ། སྒྲིག་ལམ་མེད་པའི་འཚོ་བ་དེ་ང་རང་ཁེར་རྐྱང་དུ་སྡོད་པའི་ལོ་ངོ་དེ་དག་དང་ལྷན་དུ་གཤིབ་ཡོད་ཅིང་ཁང་མིག་ཆུང་ངུ་དེ་རུ་ཅ་དངོས་དག་གང་འདོད་འདོད་དུ་གཡུགས་ནས་ཡོད། ལོ་ངོ་དེ་ཚོར་གཞུང་ལུགས་ཐར་ཐོར་བསྐྱར་སྦྱོང་བྱེད་པ་དང་རྩོམ་རིག་སྣ་ཚོགས་བཀླགས་ཁུལ་བྱས་ཏེ་ཉིན་མ་གཏོང་བས་ངའི་གཤིས་ཀ་ལ་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་པ་འདྲ། ང་ནི་འདི་ལྟར་ངལ་རྩོལ་བརྗེད་ཅིང་དྲན་ཤེས་ཀྱང་གཞན་ཞིག་ཏུ་གཡེང་འགྲོ་མཁན་ཞིག་ཏུ་ཆགས་འདུག། ངའི་དྲན་ཤེས་གང་ཞིག་ཏུ་ཡོད་པ་ཡིན་ནམ། ཁྱིམ་མི་དག་ཕན་ཚུན་ཁ་བརྡ་བྱེད་དུས་རྣམ་རིག་གཏོད་མི་འདོད་པར་ང་ནི་གཞན་ཞིག་ཏུ་གཡེང་འདུག་པ་དང་། ཁོ་ཚོས་ལས་ཀ་བྱེད་དུས་ཀྱང་ང་ནི་ཟུར་དུ་བུད་དེ་འཆན་ཁུག་ཏུ་དཔེ་དེབ་ཅིག་བཙིར་ནས་ཡོད། འོ་རེད་དཔེ་དེབ་དེ་ནི་ཧྥ་རན་སིའི་སྒྲུང་རིང་གྲགས་ཅན་བོད་འགྱུར་མ།《ལྕམ་ཆུང་བྷོ་ཝ་རིའི་གཏམ་རྒྱུད།》 ཡིན་པ་དང་། ལོ་འདིའི་དབྱར་མཚམས་དང་བསྟུན་དེབ་དེ་དཔེ་ཀློག་བྱེད་པའི་འཆར་གཞི་བཟོས་ན་ཡང་། ཕ་ཡུལ་དུ་འུར་ཟིང་མང་བ་དང་རང་གི་རྣམ་རིག་རྣལ་དུ་མི་གནས་པས་དེ་ཙམ་ཡང་འཁྱོངས་དཀའ་བ་འདུག་ཨང་།།

༼ ཞོགས་རྫ་རྔ། ༽