国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙིང་ཉེ་བའི་ཧྥེ་ན།

ཧྥེ་ན། སྐུ་ཁམས་བཟང་། ད་ལྟ་ག་རེ་གནང་བཞིན་ཡོད། སྔར་བཞིན་ཡིད་འགྱུར་སྣ་ཚོགས་སྙན་ངག་ཅེས་པའི་ཡིག་འབྲུ་འདི་གཉིས་ཀྱི་ནང་དུ་སྡུད་བཞིན་བསྡད་ཡོད་དམ། དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་རི་མོ་དག་གསོན་ཉམས་དོད་པའི་ཚོན་མདངས་ཀྱིས་སྤྲས་བཞིན་འཚོས་ཡོད་དམ། ངས་བསམ་ན་དབང་པོའི་དྭངས་མ་ཡ་ཐོད་ཀྱི་མིག་ཀྱང་གཞན་ལ་སྦྱིན་ཐུབ་པའི་ཚོགས་ཆེན་པོ་དེས། ཕོ་ལོ་ཉེར་བརྒྱད་ལ་སོན་པའི་གཞོན་ནུ་ཞིག་གིས་སླར་ཡང་འཇིག་རྟེན་གྱི་འོད་སྣང་མཐོང་ཐུབ་པར་བྱས། བསོད་ནམས་འདིས་ད་ལྟ་ཁྱོད་ལ་ཀླད་སྐྲན་ཕོག་ཡོད་མི་སྲིད་ཅིང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུའང་ཀླད་སྐྲན་འཕོག་མི་སྲིད། དེ་ལྟ་ན་ཡང་། ཁྱོད་ཀྱིས་སྔར་བཞིན་སྨྱོ་ཧམ་ཆེན་པོས་སྙན་ངག་དང་རི་མོ་འབྲི་བཞིན་ཡོད་ངེས། ངག་ནས་མི་ཁྲོལ་བ་དང་ལོངས་སུ་སྤྱོད་མི་ཐུབ་པ་དེ་དག། སྔར་བཞིན་བདེ་སྐྱིད་གཞན་ཞིག་དང་སྦྲགས་ནས་སེམས་ཀྱིས་མྱོང་རོལ་བགྱིད་བཞིན་ཡོད་ངེས།

ཧྥེ་ན། དེ་རིང་ཁྱོད་ཀྱིས་ང་ལ་མིག་ཆུ་བསླངས་བྱུང་། ཆར་པ་དང་འདྲ་བའི་མཆི་མའི་ཐིགས་ཕྲེང་རེ་རེ། བདག་གི་སྙིང་གའི་ཐད་ཀྱི་ཟབ་ས་དེ་རུ་བརླན་ནེམ་ནེམ་གྱིས་ལྷུང་དུ་བཅུག་བྱུང་། ངས་གཟབ་ནན་གྱིས་མཆི་མའི་བཞུར་རྒྱུན་མ་བཅད་པར་ཁྱོད་ཀྱིས་བསླངས་བའི་མིག་ཆུ་དག་རེ་རེ་བཞིན་རང་འབབ་བྱེད་དུ་བཅུག། ངུ་སླ་ལ་དགོད་ཀྱང་སྐྱེན་པའི་ཁོ་བོ། མིག་ནས་མཆི་མ་མ་བཞུར་བར་དུས་ཚོད་ཡུན་རིང་འགོར་མེད་ཀྱང་། འདི་ལྟར་དཔེ་ཀློག་ཁྲོད་ཀྱི་ཤོག་ལྷེ་རེ་རེ་དང་ཡིག་འབྲུ་རེ་རེས་འདི་ལྟར་མིག་ཆུ་མ་བཞུར་བར་གང་མཚམས་ཕྱིན་འདུག། སེམས་འགུལ་ཐེབས་པའི་ཁྱོད་དང་ཁྱོད་ལྟ་བུའི་གཏམ་རྒྱུད་དང་མ་འཕྲད་པར་ཡུན་རིང་འགོར་འདུག།

ཧྥེ་ན། ངས་ཁྱོད་ཀྱིས་མི་ཚེའི་མཐའ་མཇུག་ཏུ་བྲིས་པའི་སྙན་ངག་དེ་བཀླགས་རྗེས། ང་ལ་སྐྱོ་བ་ཚད་མེད་པ་ཞིག་སྐྱེས། སྙན་ངག་འདི་འབྲི་མཁན་ཁྱོད་རང་ཡིན་མོད། སྙན་ངག་འདིའི་དཀྱིལ་སྙིང་དུ་སྦས་པའི་ན་ཟུག་དེ་དག་མྱོང་མཁན་ནི་ང་རང་ཡིན་པའི་སྣང་བ་སྐྱེས། ཧྥེ་ན། ད་ལྟ་ངས་ཀྱང་སྙན་ངག་མང་པོ་ཞིག་འབྲི་བཞིན་ཡོད། གཞན་གྱིས་བལྟས་ན་འུ་ཚོས་ངག་བཅད་དེ་ཁུ་སིམ་མེར་རྩོམ་ཡིག་འབྲི་བ་ནི་གླེན་རྟགས་ཤིག་ཏུ་བསམ་སྲིད་མོད། ངས་ནི་དེ་ལྟར་མི་འདོད་པར་དེ་ལས་ལྡོག་སྟེ་སྙན་ངག་འབྲི་བ་ནི་སྤྱང་གྲུང་ལྡན་པའི་ལས་སུ་བྱ་བ་ཞིག་ཡིན་སྣང་ཤར་གྱིན་ཡོད། ནམ་ཞིག་ང་རང་ཕྱི་མའི་འཕྲང་རིང་འགྲིམས་པའི་རྗེས་སུ། ངའི་མལ་ཁྲིའི་འོག་དང་དཔེ་ཆའི་གསེང་། འཐེན་སྒམ་ནང་དང་ཡིག་ཟམ་དག་ལས་ཀྱང་སྙན་ངག་མང་པོ་ཞིག་བརྡོལ་སྲིད། ཁྱོད་དང་ལོ་ཚོད་གཅིག་ལས་ཆུང་བའི་བདག་གིས། ཁྱོད་ཀྱི་གཏམ་རྒྱུད་ཡིད་གདུང་ཆེན་པོས་བཀླགས་ཏེ་མིག་ཆུ་གཏོང་བ་ཇི་བཞིན། ང་དང་ན་ཚོད་གཅིག་ལས་ཆུང་བའི་སྙིང་ཉེ་བའི་མི་ཞིག་གིས་ཀྱང་འདི་ལྟར་ངས་བྲིས་པའི་སྙན་ངག་དག་གི་ཡིག་འབྲུ་རེ་རེ་བཞིན་བཀླག་སྲིད་དམ། འདི་ལྟར་མིག་ཆུ་ཕྲོམ་ཕྲོམ་དུ་བཞུར་ངེས་སམ།

ཧྥེ་ན། གོ་ཐོས་ལྟར་ན་ཁྱོད་ཀྱིས་བྲིས་པའི་སྙན་ངག་དེ་དག་ལས་གཅིག་མ་གཏོགས་ཚང་མ་དུས་དེབ་སྟེང་བཀོད་ཡོད་ཅིང་། སྣུམ་ཚོན་རི་མོ་དག་ལས་ཀྱང་གཅིག་མ་གཏོགས་གཞན་ཐམས་ཅད་མིང་དུ་གྲགས་པའི་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་ཡོད་ཟེར། དེ་ལྟར་ཐོས་ཤིང་མཐོང་བའི་མོད། ང་ལ་ཁྱོད་ཀྱིས་ཟླ་འཁོར་དྲུག་ལ་སྨྱོ་ཧམ་གྱིས་བྲིས་པའི་སྙན་ངག་དེ་དག་དང་རི་མོ་དེ་དག་ལྟ་འདོད་ཀྱི་འདུན་པ་རབ་ཏུ་ཆེ། ཁྱོད་ཀྱིས་མིག་སྦྱིན་གནང་སའི་ལྷོ་ཅཱ་ཀྲོའི་གཞོན་ནུ་དེ་བཞིན། ཉིད་ཀྱི་ཕ་མ་གཉིས་ལའང་སྐོར་ཞིག་རྒྱག་འདོད་ཀྱི་འཕྲོ་འདུ་ཤིན་ཏུ་རྒོད། དེ་ལྟ་ན་ཡང་། ངའི་འཁོས་ཆུང་བའི་ཤེས་རབ་འདི་དང་ཉམ་ཐག་པའི་ཐབས་བཀོད་འདི་ཙམ་གྱིས་ཇི་ལྟར་ཀློག་ཅིང་ཇི་ལྟར་མཇལ་ཨང་།

ཧྥེ་ན། ངས་ཚིག་ཉུང་ལ་དོན་འདུས་པའི་ཁྱོད་ཀྱི་མི་ཚེའི་གཏམ་རྒྱུད་ལ་ཉན་རྗེས། ཁྱོད་རང་དགེ་རྒན་ཞིག་ཡིན་པ་ཤེས། གལ་ཏེ། ངས་ཁྱོད་ཀྱི་སློབ་ཁྲིད་ལ་དངོས་སུ་ཉན་པའི་སྐལ་བ་ལྡན་ཡོད་ཚེ། ང་རང་སངས་རྒྱས་མེད་ཀྱང་ཐར་པ་མང་པོ་ཞིག་ཐོབ་ཡོད་ངེས། ངའི་གདོང་ལེན་བྱ་མ་ཤེས་པར་ལུས་པའི་སྡུག་བསྔལ་འདི་དག་ལས་སྔ་ནས་རྣམ་པར་རྒྱལ་ཡོད་ངེས། སྙིང་ཉེ་བའི་ཧྥེ་ན། ཁྱོད་ཀྱིས་ཐག་རིང་ནས་ང་ལ་སྔས་འགྲམ་གྱི་ཚིག་མཛོད་དག་བདག་གིས་ཐེངས་མ་བརྒྱ་ལ་བཀླགས་ཀྱང་བརྡ་དོན་མི་ཁྲོལ་བའི་མི་ཚེའི་བདེན་ལུགས་ཤིག་དམར་ཁྲིད་གནང་བར་བཀའ་དྲིན་ཆེ་ཞུ། ཁྱོད་རང་སྔ་དྲགས་པ་དང་ང་རང་འཕྱི་དྲགས་པའི་ལས་དབང་གིས། ཡང་ན་ང་རང་སྔ་དྲགས་པ་དང་ཁྱོད་རང་འཕྱི་དྲགས་པའི་སྟབས་ཀྱིས། མདོར་ན་ལས་དབང་ཞིག་གིས་འུ་གཉིས་འཇིག་རྟེན་དཀར་ངོགས་འདི་ནས་ཁོར་ཡུག་གཅིག་དང་སློབ་ཐུན་གཅིག་ཏུ་འཛོམས་མ་མྱོང་ཞིང་། འཛོམ་ཡང་མི་སྲིད་མོད། དེ་ཙམ་གྱིས་སྐྱོ་སྐྱོ་གནང་མི་དགོས་ཏེ། འུ་གཉིས་ཚེ་འདི་ཕྱི་དང་ཚེ་འདི་ཕྱི་ལས་རིང་བའི་བར་ཐག་གིས་བཀྱེད་ཀྱང་། འུ་གཉིས་གཏན་དུ་གྱེས་པ་མི་སྲིད་དེ། འུ་གཉིས་མཐོན་པོ་ནམ་མཁའ་གཅིག་གི་འོག་དང་དམའ་བ་ས་གཞི་གཅིག་གི་སྟེང་དུ་འཚོ་ཞིང་གནས་པས། འུ་གཉིས་སྙན་ངག་གི་ནམ་མཁའ་རུ་བྱ་ཁྱུ་བཞིན་རང་དབང་གིས་མཉམ་དུ་འཕུར་ཆོག་ཅིང་། འུ་གཉིས་རྩོམ་རིག་གི་ཐང་ཆེན་ནས་རྟ་ཕོ་བཞིན་མཉམ་དུ་འཚེར་སྐད་བསྒྲག་ཆོག་ཨང་། སྙིང་ཉེ་བའི་ཧྥེ་ན་ལགས།

༼ གཞི་ཚང་ཟླ་བ་གྲགས་པ། ༽