国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་ཁུལ་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས།

སྤྱི་ཟླ2ཚེས14ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་གི་རི་ཉིལ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་བསྟར་བ་དང་། ཞིང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ།མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བཅས་དོན་འཁྱོལ་ནན་པོ་བྱེད་པ། རང་བྱུང་གནོད་འཚེའི་སྔོན་འགོག་དང་སྔོན་ཚུད་ཉེན་བརྡར་ཤུགས་སྣོན་པ་དང་།གནོད་འཚེའི་དོན་རྐྱེན་ཚབས་ཆེན་ཐོན་པར་འགོག་ཟོན་མཐའ་གཅིག་ཏུ་བྱས་ཏེ། ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གནོད་སྐྱོབ་ཀྱི་གནས་བབ་རྒྱུན་མཐུད་བརྟན་པོའི་ངང་ལེགས་ཕྱོགས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

ཚོགས་འདུའི་ཐོག་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་རྩིས་བཤེར་ལས་དོན་ལ་རྩ་བའི་བརྩི་སྲུང་དང་བྱ་སྤྱོད་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གིས་རྩིས་བཤེར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་།ཁུལ་ཡོངས་ཀྱི་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་ལོ་འཁོར་གྱི་རྩིས་བཤེར་ལས་དོན་ཞིབ་ཕྲ་དང་ནན་འཛིན་བྱས་ཏེ་གཅིག་བསྡུས་གཅིག་འགྱུར་དང་ཡོངས་སུ་ཁེབས་པ། དབང་གྲགས་ནུས་ཆེ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་ཧུར་ཐག་བསྐྲུན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་དཀར་མཛེས་ཁུལ་དུ་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་དགོས།

ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《2024ལོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་སེང》དང《2024ལོའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སེང》ཀྱི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 2024ལོའི་ཁུལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་སྙིང་དོན་ལག་བསྟར་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་པ་རེད། 《སྙན་ཞུ》དེ་གཉིས་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་བསྣན་པའི་ཆོད་སེམས་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ནས་ཏང་ཡོངས་ལ་མིག་དཔེ་སྟོན་ཞིང་ཚད་གཞི་བཟོས་པ་རེད།

ཚོགས་འདུའི་ཐོག་ད་དུང་ཀྲུང་དབྱང་དང་ཞིང་ཨུའི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་སྙིང་དོན་དང་། ཞིང་ཨུའི་ཞིང་སྡེའི་ལས་དོན་ཚོགས་འདུའི་སྙིང་དོན། ཞིང་ཆེན་ཡོངས་ཀྱིས་ཡུལ་གྲོང(ཁྲོམ་གཞུང)གི་ལས་འགན་སྒྲུབ་པའི་དོན་དག་རྩིས་ཐོའི་ལས་དོན་ཡོངས་སུ་སྤེལ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྙིང་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)