国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐད་སྒྲ་ཡིས་རྩོམ་རིག་གི་བསམ་པའི་ཁྱིམ་གཞིས་དྲོན་མོ་སྐྱོང་།

རང་གི་དགའ་ཕྱོགས་བརྟན་པོར་བསྲུངས་པའི་འགྲེལ་བརྗོད་པ་དང་འཆད་སྒྲོག་པ་

དབྱང་ཧྲུའུ་པིང་གིས་སྒྲུང་ཐུང་འཆད་སྒྲོག་བྱེད་བཞིན་པ།

2000ལོར་དབྱང་ཧྲུའུ་པིང་འབའ་ཐང་ནས་དཀར་མཛེས་ཁུལ་བརྙན་འཕྲིན་ཁང་དུ་ལས་གནས་སྤོས་ཏེ་ལོ་ཉི་ཤུ་ཡས་མས་ལ་རྒྱང་སྒྲོག་གི་ལས་ཀ་གཉེར་ནས་དེའི་ཐད་ཡོན་ཚད་ཆེ་ཞིང་གྲུབ་འབྲས་ཀྱང་ཐོབ་ཡོད། ད་ལྟ་ཁོང་གིས་སྲིད་འཛིན་དོ་དམ་ལས་དོན་སྒྲུབ་བཞིན་ཡོད་ཀྱང་རང་གི་དགའ་ཕྱོགས་མ་དོར་ནས་ཁྱེར་བདེ་སྒྲ་ཕབ་སྒྲིག་ཆས་ཉོས་ཏེ་སྒྲ་ཡོད་བརྩམས་ཆོས་སྤུས་དག་མི་ཉུང་བ་ཕབ་རྗེས་ཧི་མ་ལ་ཡ་དང་ཁམས་ཀྱི་ཁམས་སངས་གྱེར་འདོན། སློབ་སྦྱོང་རྒྱལ་དར་དཀར་མཛེས་སློབ་སྦྱོང་འཕྲིན་སྟེགས་སོགས་ནས་བཏང་བས་ཉན་མཁན་མང་པོ་བྱུང་ཡོད། དབྱང་ཧྲུའུ་པིང་གིས་འབྲེལ་ཡོད་འཕྲིན་སྟེགས་བར་ཁེ་ཡོད་ཆིངས་འཇོག་བྱས་མེད་ལ་ཉན་མཁན་ཚོས་རྔན་པ་ཕུལ་བ་ཡང་བླངས་མེད། རང་གི་དགའ་ཕྱོགས་དང་འདུ་ཤེས་བསྐྱངས་ཏེ། ཁམས་ཀྱི་རྩོམ་པ་པོའི་ལྷུག་རྩོམ་དང་སྒྲུང་ཐུང་སོགས་གསར་རྩོམ་ཐེངས་གཉིས་པ་བྱས་ནས་སྒྲ་དང་སྐད་ཀྱིས་རྩོམ་རིག་གི་ཞིང་ཁམས་གསོན་ཉམས་དོད་པོ་ཞིག་བསྐྲུན་པ་རེད།

བརྙན་འཕྲིན་འགྲེལ་བརྗོད་བརྩེ་བས་ཕྱུག། ཉན་པ་པོ་ལ་སྤྲོ་སྣང་བྱིན།།

སྐབས་ཞིག་ལ་རྨི་ལམ་གྱི་ཞིང་ཁམས་སུ་ཉུལ་བའི་ཁམས་ཞེས་པའི་བརྙན་འཕྲིན་ཆེད་སྒྲིག་གློག་བརྙན་གྱི་འགྲེལ་བརྗོད་ལས་འགན་དབྱང་ཧྲུའུ་པིང་གི་ཕྲག་ཐོག་ལ་བབས། དེ་ནི་ཁམས་ཀྱི་རྩོམ་པ་པོ་གྲགས་ཅན་སྐལ་བཟང་འགྱུར་མེད་ཀྱི་མིང་འདྲ་ལྷུག་རྩོམ་ལས་བཟོས་པའི་ཁུལ་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྐྱེས་འབུལ་གློག་བརྙན་ཞིག་རེད། འགྲེལ་བརྗོད་ཀྱི་ནང་དོན་ལག་ཏུ་འབྱོར་རྗེས་དབྱང་ཧྲུའུ་པིང་དེ་མ་ཐག་རྒྱང་སྒྲོག་ཁང་དུ་མ་འགྲོ་བར་འགྲེལ་བརྗོད་ཀྱི་ཚིག་སྦྱོར་ཡང་ཡང་བཀླགས་ཏེ་དེའི་ཁྲོད་ཀྱི་བརྩེ་དུང་མཚོན་ཚུལ་ལ་མནོ་བསམ་ཞིབ་མོར་བཏང་། ཁོང་གིས་རྒྱང་སྒྲོག་པ་བཟང་པོ་ཞིག་ལ་མཚོན་ན་བརྗོད་བྱའི་ནང་དོན་ལ་བྱང་ཆུབ་པ་ཙམ་དང་སྒྲ་སྐད་དག་པོས་ཀློག་ཐུབ་པ་ཙམ་ཁོ་ན་མ་ཡིན་ལ། རང་གི་ལུས་སེམས་བརྗོད་བྱའི་ནང་དོན་དུ་འདྲེས་སུ་བཅུག་དགོས། བརྙན་འཕྲིན་བརྩམས་ཆོས་ཀྱིས་ཡི་གེ་དང་སྐད་རིས་གཞི་གཅིག་ངང་མཚོན་ཐུབ་དགོས་ཤིང་། དེ་ཚོའི་བར་གྱི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་རམ་འདེགས་ཡིན། རྨི་ལམ་གྱི་ཞིང་ཁམས་སུ་ཉུལ་བའི་ཁམས་ཞེས་པའི་བརྙན་འཕྲིན་ཆེད་སྒྲིག་གློག་བརྙན་དེའི་འགྲེལ་བརྗོད་ཀྱི་ཚིག་སྙན་བརྗིད་བཙུན་གསུམ་ལྡན་ཞིང་དཀྱེལ་ཡངས་ལ་རི་མོའི་སྣང་ཚོར་ཧ་ཅང་ཆེ། དཀར་མཛེས་ཁུལ་གྱི་རི་ཆུ་ཞིང་གསུམ་དང་ནགས་རྩྭ་ཐང་གསུམ། དེ་བཞིན་གླུ་བྲོ་དང་རིག་གནས་གནའ་ཤུལ་སོགས་ཡོངས་སུ་ཁྱང་ཁོངས་ཐམས་ཅད་འདུས་ཤིང་། སྐབས་རེར་གནའ་བོའི་ཞིང་ཁམས་སུ་ཉུལ་བ་དང་རེ་འགའ་སྤྲོ་བརྗིད་ཆེ་བ། མཚམས་རེར་ལྷིང་འཇགས་བག་ཕེབས་པོའི་ཚོར་སྣང་ཡོད་པས། རྒྱང་སྒྲོག་གི་སྐབས་སུ་སྣང་ཉམས་དང་བསམ་སྣང་ལེགས་སྒྲིག་ཇི་ལྟར་བྱ་རྒྱུ་ནི་གནད་ཀྱི་དམ་པ་རེད། ངས་འགྲེལ་བརྗོད་ཀྱི་སྐབས་སུ་བརྗོད་དོན་གྱི་བསྟན་བྱའི་བསམ་བཀོད་དང་བསྟུན་ཏེ། རེ་འགའ་བརྩམས་ཆོས་ཀྱི་བརྩེ་དུང་མངོན་ཆེད་སྒྲ་གདངས་ཅུང་མཐོར་འདེགས་ཏེ་བཅོས་བསླད་མི་འདྲེས་པ་བྱས་ཡོད། སྐབས་རེར་སྔ་འབྲེལ་ཕྱིར་མཐུད་ཡག་པོ་ཡོང་བའི་ཆེད་དུ་ཐད་ཀར་དྲང་བརྗོད་བྱས་ཡོད། ལན་རེར་ལྟ་ཉན་བྱེད་མཁན་ལ་བག་ལྷོད་པོའི་སྣང་བ་སྟེར་ཕྱིར་དམའ་ཞིང་བརྟན་པ་བྱས་ཡོད་ཅེས་བཤད་པ་རེད།

རྨི་ལམ་གྱི་ཞིང་ཁམས་སུ་ཉུལ་བའི་ཁམས་ཞེས་པའི་བརྙན་འཕྲིན་ཆེད་སྒྲིག་གློག་བརྙན་ལ་སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་གྱི་རྒྱང་སྒྲོག་བྱ་དགའ་ཨང་གཉིས་པ་ཐོབ་ཡོད། དབྱང་ཧྲུའུ་པིང་བརྙན་འཕྲིན་ཁང་དུ་ལས་དོན་སྒྲུབ་རིང་ལ་གོང་གསལ་དང་འདྲ་བའི་རྒྱང་སྒྲོག་བརྙན་འཕྲིན་བརྩམས་ཆོས་ཕུལ་བྱུང་གི་རྒྱང་སྒྲོག་ལས་འགན་ཁུར་ནས་སི་ཁྲོན་ཞིང་ཆེན་གྱི་བྱ་དགའ་དུ་མ་རག་ཡོད་པ་རེད།

དབྱང་ཧྲུའུ་པིང་གིས་ད་དུང་མིང་གོ་དུས་རབས་ཀྱི་པར་རྙིང་རྩོམ་སྒྲིག་བྱས་ཏེ་ཁ་བརྡ་བཤད་པའི་ཐབས་ལམ་བརྒྱུད་དེ་བརྙན་ཐུང་རབ་རིམ་ལེ་ཚན་ཏེ་ཁམས་ཀྱི་འདས་དོན་ཞེས་པ་བཟོས་ཡོད། རྒྱང་སྒྲོག་ཐད་སྤྲོ་སྣང་ངེར་དང་དལ་འཇམ་གེར། བག་ལྷོང་ངེར་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་བས་ལྟ་ཉན་བྱེད་མཁན་ཚོས་སུན་སྣང་དང་སྐྱོ་སྣང་མེད་པར་པར་རིས་ཀྱི་རྒྱབ་ཏུ་ཡིབ་པའི་གཏམ་རྒྱུད་ལྟ་ཉན་ཆོག་པ་བྱུང་བ་དང་གཅིག་རམ་གཅིག་འདེགས་ཀྱི་ཕན་འབྲས་ཆེན་པོ་ཐོན་ཡོད། ལེ་ཚན་དེ་ལོ་དུ་མའི་ནང་དུ་བསྐྱར་གཏོང་བསྐོར་གཏོང་བྱས་ཡོད་པ་རེད།

དབྱང་ཧྲུའུ་པིང་གིས་འགྲེལ་བརྗོད་རྒྱང་སྒྲོག་ཐད་བཤད་པའི་ཚོར་སྣང་ལ་དང་དོད་ཆེན་པོ་བྱ་དགོས། ནམ་རྒྱུན་སྐད་ཆ་བཤད་པ་དང་ཇི་བཞིན་བརྗོད་པའི་འགྲོས་ལྟར་བཤད་དགོས། ཕྱིར་རྒྱས་སྤྲོས་ཐལ་མི་དྲགས་ལ་ནང་གི་བརྩེ་དུང་ཡང་བསྡུས་མི་དྲགས་པའི་སྒོ་ནས་བཤད་དགོས། བརྙན་འཕྲིན་འགྲེལ་བརྗོད་ཐད་ལ་བལྟས་ནས་འགྲེལ་བརྗོད་བྱེད་ཆོག། འགྲེལ་བརྗོད་བྱེད་མཁན་གྱི་བརྩེ་དུང་རི་མོ་དང་བསྟུན་ནས་སྒྲ་རིས་མཉམ་མཐུན་དང་སྣང་ཚོར་མཉམ་སྐྱེས་ཡོང་བར་བྱས་ཏེ། འགྲེལ་བརྗོད་དང་འཆར་ཤེལ་མཉམ་འདྲེས་གང་ལེགས་བྱུང་ནས་ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་ཆོག། ཐོག་མར་ལད་མོ་ནས་བཟུང་སྟེ། དུས་ཡུན་རིང་པོར་སྦྱོང་བརྡར་ཁྲོད་སྐད་སྤྱོད་སྟངས་དང་བརྩེ་དུང་སྟངས་འཛིན་བྱེད་སྟངས། སྐད་གདངས་ཚོད་འཛིན་སོགས་ཀྱི་ཐད་གདེང་ཚོད་རྙེད་དེ་རང་གི་ཐུན་མོང་མ་ཡིན་པའི་རྒྱང་སྒྲོག་བྱེད་སྟངས་ཤིག་ཆགས་ཐུབ་ཅེས་བཤད།

སྒྲུང་ཐུང་འཆད་སྒྲོག་གསོན་ཉམས་ལྡན།། བསམ་པའི་ལོངས་སྤྱོད་ཀུན་ལ་ཐོབ།།

སྒྲུང་ཐུང་འཆད་སྒྲོག་ནི་དབྱང་ཧྲུའུ་པིང་གིས་རང་གི་རྒྱང་སྒྲོག་དགའ་མོས་ལ་འགྲན་སློང་བྱས་པ་ཞིག་རེད་ཟེར་ན་མི་ཆོག་རྒྱུ་མེད། སྒྲུང་ཐུང་འཆད་སྒྲོག་དང་རྒྱང་སྒྲོག་བརྙན་འཕྲིན་སྒྲ་སྦྱོར་བར་ཁྱད་པར་ཆེ་ཞིང་སྒྱུ་རྩལ་གསར་རྩོམ་གྱི་ཁྱབ་ཁོངས་སུ་གཏོགས་པ་རེད། དེ་ནས་ཁོང་གིས་འཆད་སྒྲོག་པ་གྲགས་ཅན་ཚོའི་རྗེས་སུ་འབྲངས་ནས་བརྩམས་ཆོས་ཀྱི་སྐད་ངག་དང་དལ་ལྷོད། ཁྱད་གཤིས་སོགས་ལ་བྱང་ཆུབ་པར་བྱས་ཏེ་སྒྲུང་རིང་འཆད་སྒྲོག་བྱེད་འགོ་བརྩམས།

སྒྲུང་ཐུང་འཆད་སྒྲོག་གི་སྔོན་ལ། དབྱང་ཧྲུའུ་པིང་གིས་ཐོག་མར་སྒྲུང་ཐུང་ངམ་སྒྲུང་རིང་ཧྲིལ་པོ་ཞིབ་ཕྲ་བཀླགས་ཏེ་དེའི་ནང་གི་བརྗོད་དོན་གཙོ་ཕྱོགས་དང་མི་སྣ་འཁྲབ་མཁན། གཏམ་རྒྱུད་ཀྱི་བྱུང་རིམ་སོགས་ལ་རྒྱུས་ལོན་རྗེས། གཞི་ནས་བརྩེ་དུང་ཆེ་ལ་དོན་སྙིང་ཟབ་ཅིང་དྲོད་ཁོལ་སྦྱིན་ཐུབ་པའི་འཆད་སྒྲོག་ཇི་ལྟར་བྱ་རྒྱུ་བསམ་བློ་བཏང་བ་རེད།

དབྱང་ཧྲུའུ་པིང་གིས་སྒྲུང་རིང་ལ་མི་སྣ་མང་ཡང་། སྒྲུང་ཧྲིལ་པོར་ཁྱབ་པའི་མི་སྣ་གཙོ་བོ་ཁ་ཤས་ལས་མེད་པ་རེད། མི་སྣའི་སྣང་བཞེངས་སྐོར་ལ་རྩོམ་པ་པོས་བཀོད་པའི་མི་སྣར་གཞིགས་ནས་དྲང་ཕྱོགས་ཡིན་ནའང་འདྲ། ལྡོག་ཕྱོགས་ཡིན་ནའང་འདྲ། མི་སྣའི་གཤིས་ཀ་མངོན་གསལ་དོད་པོ་ཡིན་པས་སྒྲུང་ནང་གི་མི་སྣའི་གཤིས་རྒྱུད་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། སྐད་ཆའི་མཚོན་ཚུལ་ཐད་མི་སྣའི་ཐོབ་ཐང་ཁྱད་ཆོས་ལྟར་བདེན་ཉམས་དང་གསོན་ཉམས་ཆེ་བ་བྱ་དགོས། དེ་ཡང་འཆད་སྒྲོག་པས་སྒྲུང་ནང་གི་མི་སྣའི་བཟོ་ལྟ་ལ་བསྐྱར་བཞེངས་གསོན་ཉམས་དོད་པོ་བྱ་ཐུབ་དགོས། འཆད་སྒྲོག་པས་མི་སྣ་འགའ་ཞིག་གི་སྐད་ཆ་བཤད་སྟངས་འཁྲབ་བཤད་ཤེས་པ་ཁོ་ན་མིན་ཞིང་། སྒྲུང་ཧྲིལ་པོའི་དལ་ལྷོད་མཚམས་

ཚིགས་ལ་སྟངས་འཛིན་ཡག་པོ་བྱེད་མི་ཐུབ་ན། གཅིག་འཛིན་གཅིག་ཤོར་གྱི་གནས་ཚུལ་ཡོང་སྲིད་པ་རེད། འཆད་སྒྲོག་པ་གཅིག་གིས་འཁྲབ་བཤད་ཐུབ་པའི་སྐད་ཆ་ལ་ཚད་ཡོད་ཅིང་། ལྷག་པར་མི་སྣ་དང་མི་སྣའི་བར་གྱི་གཏམ་གླེང་ཁྲོད་སྐབས་འགར་མི་སྣ་མང་པོས་དུས་མཉམ་དུ་སྐད་ཆ་བཤད་པའི་སྣང་ཚུལ་འབྱུང་སྲིད་པས་དེའི་དུས་འཆད་སྒྲོག་པ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་འགྲོ་བ་རེད་ཅེས་བཤད་པ་རེད།

སྙན་སེང་རྩོམ་རིག་དར་མདོ་བཅིངས་འགྲོལ་གཏོང་བའི་དངོས་བྲིས་ཞེས་པའི་ཁྲོད་དུ་རུས་མིང་དངོས་ཡོད་པའི་ལོ་རྒྱུས་མི་སྣ་བཅུ་ཕྲག་ལྷག་ཡོད་པས་སྟངས་འཛིན་བྱེད་དཀའ་མོ་ཡོད་པ་དང་། ལེའུ་རེ་ལ་སྐར་མ་ཉི་ཤུ་ལྷག་ཡོད་པ་རེད། འཆད་སྒྲོག་གི་སྐབས་སུ་ལུས་ཤུགས་དང་བསྲན་ཤུགས་ལ་ཉམས་སད་ཆེན་པོ་ཐེབས་པར་མ་ཟད་རྒྱང་སྒྲོག་གི་ལག་རྩལ་ལ་ཡང་ཞིབ་བཤེར་ཆེན་པོ་ཞིག་ཡིན་ལ། སྒྲ་གདངས་ཅུང་དམའ་ན་ཡང་སྔ་ཕྱིའི་འབྲེལ་མཚམས་སུ་དབུགས་གཏོང་ལེན་དཀའ་བ་སོགས་ཀྱི་འགལ་རྐྱེན་དང་འཕྲད་པ་རེད། དབྱང་ཧྲུའུ་པིང་གིས་ཕྱོགས་བསྡོམས་དང་ཡོ་བསྲང་རྒྱུན་ཆད་མེད་པར་བྱས་ཏེ། མི་སྣ་མི་འདྲ་བར་སྐད་སྒྲའི་སྣང་ཚུལ་དམིགས་བསལ་བ་རེ་བཟོས་ནས་མི་སྣའི་དགའ་སྐྱོ་ཆགས་སྡང་མངོན་པར་མཚོན་པ་དང་མི་སྣའི་རྣམ་པར་གསོན་ཉམས་དང་སྣང་ཉམས་གཉིས་ཆ་ཡོད་པར་བྱས་ཤིང་། བརྩམས་ཆོས་ཀྱི་མཚོན་རྩལ་ཕུན་སུམ་ཇེ་ཚོགས་དང་གསོན་ཉམས་དེ་བས་ཆེ་རུ་བཏང་བ་རེད།

དར་མདོ་བཅིངས་འགྲོལ་གཏོང་བའི་དངོས་བྲིས་ཞེས་པའི་འཆད་སྒྲོག་བརྩམས་ཆོས་བཀོད་པའི་དུས་དང་དཀར་མཛེས་ཁུལ་བཙུགས་ནས་ལོ60འཁོར་བའི་དགའ་སྟོན་དང་འཕྲད་པས་ཁུལ་མི་དམངས་བརྙན་འཕྲིན་ཁང་རྒྱང་སྒྲོག་ལེ་ཚན་ནས་ལོ་བསྟུད་མར་བསྐྱར་གཏོང་ཐེངས་མང་བྱས་ཡོད། སྤྱི་འགྲུལ་རླངས་འཁོར་དང་གླ་འཁོར་ནང་དུ་ཡང་བརྩམས་ཆོས་དེ་བཏང་བ་རེད། ལོ་མང་རྗེས་སུ་དར་མདོ་འཕྲིན་སྦྱོར་ལྟེ་གནས་ཀྱིས་བརྩམས་ཆོས་དེ་ལག་ཁྱེར་ཁ་པར་གྱིAPPབཀོལ་སྣེར་བཞག་ནས་རྔན་ཡོད་དཔེ་ཉན་བྱས་ཤིང་། ཧི་མ་ལ་ཡའི་དཔེ་ཉན་འཕྲིན་སྟེགས་སུ་བསྐུར་རྗེས་དཔེ་ཀློག་བྱེད་མཁན་འབུམ་ལྔ་ལས་བརྒལ་ཡོད། དབྱང་ཧྲུའུ་པིང་གིས་ད་དུང་དགེ་རྒན་ཆེན་མོ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བྲིས་པའི་དངོས་བྲིས་རྩོམ་རིག་སྟེ་འདི་ནི་དམག་དམར་ཕྱིན་མྱོང་བའི་ས་ཆ་ཡིན་ཞེས་པ་འཆད་སྒྲོག་བྱས་ནས་སློབ་སྦྱོང་རྒྱལ་དར་དཀར་མཛེས་འཕྲིན་སྟེགས་ནས་བཏང་བས་སྐད་གྲགས་གང་སར་ཁྱབ། ཁོང་གིས་ད་དུང་ཡུལ་སྐད་ཀྱི་ཐོག་ནས་ཆུ་ངོགས་ཡུལ་མི་ཞེས་པའི་སྒྲུང་རིང་འཆད་སྒྲོག་བྱས་ཏེ་ཧི་མ་ལ་ཡའི་དཔེ་ཉན་འཕྲིན་སྟེགས་སུ་བསྐུར་ནས་ཉན་པ་པོར་དཔེ་ཀློག་གི་ཚོར་སྣང་མི་འདྲ་བ་ཞིག་བྱིན་པ་རེད།

སྒྲུང་ཐུང་འཆད་སྒྲོག་ནི་འཆད་སྒྲོག་པས་སྐད་ཆ་བརྒྱུད་དེ་སྒྲུང་ཐུང་གི་སྣང་ཚུལ་ཞིབ་བྲིས་དང་གཏམ་རྒྱུད་ཀྱི་བྱུང་རིམ། མི་སྣའི་བཟོ་ལྟ་སོགས་ལ་གསར་གཏོད་ཐེངས་གཉིས་པ་བྱས་ཏེ། ཉན་པ་པོ་འཆད་སྒྲོག་པའི་བརྩེ་དུང་དང་བསྟུན་ནས་རྗེས་སུ་འབྲངས་ཐུབ་པས། གཏམ་རྒྱུད་དང་སྣང་ཚུལ་དངོས་ལ་ཞུགས་པའི་ཚོར་ཤུགས་དྲག་པོ་ཡོད། ཉན་པ་པོ་དང་མ་རྩོམ། འཆད་སྒྲོག་པའི་བར་བརྩེ་དུང་མཉམ་རོལ་བྱེད་ཤུགས་ཆེ་རུ་ཕྱིན་ནས་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་སྣ་མང་ཁྱབ་སྒྲོག་བྱེད་པའི་ཕན་འབྲས་ཐོན་པ་རེད།

རྒྱང་སྒྲོག་ལོ30ལྷག་བྱས་རིང་། དབྱང་ཧྲུའུ་པིང་གིས་དུས་རབས་དར་སྲོལ་གྱི་རྗེས་སུ་ལོང་རྒྱུག་མི་བྱེད་པར་རང་གི་ཕུགས་འདུན་བརྟན་དུ་བསྲུངས་ཏེ་ཁམས་ཀྱི་རྩོམ་པ་པོའི་བརྩམས་ཆོས་བཟང་པོ་དེ་བས་མང་པོ་ཉན་པ་པོའི་སྙན་དབང་དུ་ཕུལ་ནས་རྩོམ་རིག་གི་བསམ་པའི་ཁྱིམ་གཞིས་དྲོན་མོ་བསྐྲུན་དང་སྐྲུན་བཞིན་མཆིས་སོ།།

༼ སྐལ་ཐུབ་ཀྱིས་བསྒྱུར།༽