国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཞེས་པའི་ ཚན་པ་ཞིང་ས་གསོ་པའི་སོ་ནམ་རྨོན་ལས་བྱེད་སྲོལ།

ཧོར་ཁོག་ཟླ་བཟང་།

གནའི་ལོ་རྒྱུས་དེབ་ཐེར་དག་ན། སྤྲེའུ་སྒོམ་གྱིས་འཕགས་པ་སྤྱན་རས་གཟིགས་ཀྱིས་གནང་བའི་འབྲུ་སྣ་ལྔ་པོ་ཁ་བ་ཅན་པའི་ཡུལ་གྱི་སྙིང་པོར་བཏབ་ནས་སྤུ་དང་མཇུག་མེད་ཅིང་ཤིང་ལ་མི་ཐར་བའི་ཤི་ལ་ཁད་པའི་བུ་རྒྱུད་རྣམས་གསོས་པར་བཤད་པ་དང་། འཕྲུལ་བློན་མཛངས་པའི་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ཀྱིས་ཤིང་ལ་མིག་ཕུག་ནས་བཤོལ་དང་གཉའ་ཤིང་བཟོས་ཤིང་རྨོན་པ་དོར་བསྡེབས་ཏེ་སྤང་ཐང་ཞིང་དུ་རྨོས་ཏེ་རྨོས་པའི་ལོ་ཏོག་ཐོག་མ་བྱུང་བར་བརྗོད་པ་སོགས་ལས་ཁ་བའི་ལྗོངས་སུ་གདོད་མའི་ཞིང་ལས་ནི་ཤིན་ཏུ་སྔ་བའི་དུས་ནས་བྱུང་པར་མ་ཟད་གནའ་རབས་ཀྱི་ཞིང་ལས་ཀྱང་བཙན་པོའི་རྒྱལ་རབས་ཀྱི་སྔ་སྟོད་ནས་དར་ཟིན་པ་དཔགས་ནུས་པས་ཡུལ་འདི་ལའང་དེ་ལས་སྔ་མེད་ཀྱང་རིང་དུ་ཕྱིས་མི་སྲིད་ངེས་རེད་སྙམ།

སྤྱིར་བཏང་མིའི་ཟས་སུ་གྱུར་པའི་ལོ་ཏོག་ལེགས་པར་སྐྱེ་བའི་རྒྱུ་རྩ་བ་ནི་ས་བོན་དང་ཞིང་ས་གཉིས་ཡིན་ཞིང་། དེ་ལས་ས་བོན་ནི་ལོ་ཏོག་སོ་སོའི་ཉེ་རྒྱུ་ཐུན་མོང་མ་ཡིན་པ་དང་ཞིང་ས་ནི་ལོ་ཏོག་ཀུན་ཀྱི་ཐུན་མོང་པའི་རྒྱུར་གྱུར་ཡོད། ལོ་ཏོག་ཕུན་སུམ་ཚོགས་པར་སྐྱེས་པ་ལ་རྒྱུ་གཉིས་པོ་ཕུན་སུམ་ཚོགས་པ་ཚང་བ་སྔོན་དུ་འགྲོ་དགོས་ཀྱི་རྒྱུ་གང་ཞིག་ཕུན་སུམ་ཚོགས་པར་མ་བྱུང་ན་ལོ་ཏོག་ཀྱང་ཕུན་སུམ་ཚོགས་པར་སྐྱེ་མི་སྲིད། དེ་ནི་མིར་སྐྱེས་པ་ལ་ཐུན་མོང་མ་ཡིན་པ་ཕའི་རྒྱུ་དང་ཐུན་མོང་དུ་གྱུར་པའི་མའི་རྒྱུ་གཉིས་ཚང་དགོས་ཤིང་ཕ་མ་བཟང་པོ་ལ་བུ་རྒྱུད་བཟང་པོ་དང་ཕ་མ་ངན་པ་ལ་བུ་རྒྱུད་ངན་པ་འབྱུང་བ་དང་མཚུངས་པ་ཡིན། དེ་བས་མི་ཚོས་ལུད་བཀྲམ་པ་དང་། པོ་ཐོ་བརྡུངས་པ། ཞིང་རྨོད་པ། ཡུར་མ་ཡུར་བ། རྩྭ་བལ་བ་སོགས་སོ་ནམ་ཕལ་མོ་ཆེ་ནི་ཐུན་མོང་པའི་རྒྱུ་ཕུན་སུམ་ཇེ་ཚོགས་སུ་གཏང་བའི་ཆེད་དུ་བྱེད་བཞིན་ཡོད། རྨོན་ལས་ནི་ཐུན་མོང་གི་རྒྱུ་བསག་པའི་ལས་རིམ་ཐམས་ཅད་ལས་ཆེས་གཙོ་ཆེ་བ་དང་ཆེས་གལ་ཆེ་བའི་ལས་ཀར་གྱུར་ཡོད། དེ་ནི་རང་རིགས་ཡབ་མེས་བཙན་པོའི་དུས་སུ་མ་རྨོས་པ་དང་རྨོས་ཀྱང་ལོ་ལྔར་མ་ལོང་པ་ལ་ད་དུང་ས་རྒོད་དང་ལོ་ལྔའི་ཡན་དུ་རྨོས་པ་ལ་ད་གཟོད་གཞི་ནས་ཞིང་ཞེས་འབོད་སྲོལ་ཡོད་པ་དང་།

དེང་གི་མི་ཚོས་མིའི་རིགས་ཀྱི་ཞིང་ལས་ཐོག་མ་བྱུང་བ་ནས་ད་ལྟའི་བར་གྱི་ལོ་རྒྱུས་སུ་ལོ་ངོ་བརྒྱད་སྟོང་གི་ཡར་སྔོན་དུ་འཇོར་གྱིས་རྨོས་པ་བྱུང་བ་ལ་གདོད་མའི་ཞིང་ལས་ཞེས་དང་། དེ་རྗེས་ལོ་ངོ་ལྔ་སྟོང་གི་ཡར་སྔོན་དུ་ཐོང་གཤོལ་གྱི་རྨོས་པ་བྱུང་བ་ལ་གནའ་རབས་ཀྱི་ཞིང་ལས། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ཡས་མས་ནས་འཕེལ་རྒྱས་མྱུར་བའི་ས་ཆར་འཕྲུལ་ཆས་ཀྱིས་རྨོས་པ་བྱུང་བ་ལ་དེང་རབས་ཀྱི་ཞིང་ལས་ཞེས་ཞིང་ལས་ལ་མཆོངས་བརྒལ་བྱེད་པ་ལྟ་བུའི་འཕེལ་རྒྱས་ཆེན་པོ་གསུམ་དུ་བགྲངས་པ་ཚང་མ་རྨོན་དང་འབྲེལ་བ་ཡོད་པ་དག་ལས་ཀྱང་གསལ་པོ་ཤེས་ཐུབ་པ་ཡིན།

སྤྱི་ལོ་དུས་རབས་སྔོན་མའི་ནང་དུ་དཀར་མཛེས་ཡུལ་ཀྱི་ཞིང་པ་རྣམས་ཀྱིས་ལོ་གཅིག་ལ་དཔྱིད་རྨོས་དང་། སྟོན་རྨོས། ཡང་འཕྲུས། དབྱར་སློག་གཅོད་པ་བཅས་ཞིང་རྨོ་ཐེངས་བཞི་རྨོད་བཞིན་ཡོད། དེ་ལས་དབྱར་སློག་ཏུ་བཞག་པའི་ཞིང་རྣམས་ལོ་སྔ་མར་དབྱར་སློག་དང་ཡང་ཕྲུ་གཉིས། ལོ་ཕྱི་མར་དཔྱིད་རྨོས་བཅས་སྟོན་ཐོག་ལེན་ཐེངས་གཅིག་ལ་འོར་མ་གསུམ་དང་། དབྱར་སློག་མ་ཡིན་པའི་ཞིང་ཡང་ལོ་སྔ་མའི་སྟོན་རྨོས་དང་ཡང་ཕྲུ་གཉིས། ལོ་ཕྱི་མའི་དཔྱིད་རྨོས་བཅས་སྟོན་ཐོག་གཅིག་ལ་འོར་མ་གསུམ་རྨོ་བ་ཡིན། དེ་ཡང་དཔེར་ན། ཕ་མ་བཟང་ངན་ནི་ཕ་མ་ཞེས་པའི་མིང་ཡང་བུ་རྒྱུད་ལ་ལྟོས་ནས་ཐོགས་པ་བཞིན་བུ་རྒྱུད་བཟང་ངན་གང་ཞིག་བསྐྱངས་པ་ལ་རག་ལས་པ་སྟེ། ཞིང་པ་རྒན་པའི་ངག་ལ་ཕ་མ་ཙནྡན་སྡོང་པོ་ལ་བུ་རྒྱུད་ཆུ་ཤིང་སྐམ་པོ་སྐྱེ་ཞེས་པའི་གཏམ་དཔེ་ཡོད་པ་བཞིན་འཚོ་བའི་ཁྲོད་དུ་བུ་རྒྱུད་ཆུ་ཤིང་སྐམ་པོ་བསྐྱངས་པའི་ཕ་མ་ཙནྡན་སྡོང་པོ་མི་ཉུང་པ་ཡོད་པས་ཕ་མ་བཟང་པོ་ནི་རང་ཉིད་མི་གཤིས་བཟང་པོ་ཡིན་པ་ཙམ་གྱིས་མི་ཆོག་པར་ད་དུང་བུ་རྒྱུད་སྐྱོང་པའི་བརྒྱུད་རིམ་དུ་སོ་སོས་རང་གི་ངོ་སྐལ་གྱི་འོས་འགན་རྣམས་འཐུས་ཚང་བར་བསྒྲུབས་པའི་ཐོག་གཉིས་ཀས་ཕན་ཚུན་བར་སྲུབས་མེད་པའི་ཟུང་འབྲེལ་གྱིས་བུ་རྒྱུད་ཀྱི་འཚར་ལོངས་ལ་ཕ་མ་རང་གི་མི་གཤིས་བཟང་པོས་ཤུགས་རྐྱེན་འདོན་མཁས་པ་ཡང་དགོས་པ་བཞིན། ས་བོན་བཟང་པོ་དང་ཞིང་ས་གཤིན་པོ་ཡང་རང་ཉིད་སྤུས་གཙང་པ་ཞིག་དང་ས་རྒྱུ་ཡག་པོ་ཞིག་ཡིན་པ་ཙམ་གྱིས་མི་ཆོག་པར་ད་དུང་གཉིས་ཀས་རང་གི་བཟང་ཆ་རྣམས་མཉམ་གཅིག་ཏུ་བེད་སྤྱད་ནས་ཕན་ཐོགས་ཅན་གྱི་རྒྱུ་རྐྱེན་རྟེན་འབྲེལ་ཚང་མ་ལོ་ཏོག་ཡག་པོ་སྐྱེ་པའི་གྲོགས་སུ་འགུག་པའི་བྱེད་ནུས་གདོན་དགོས་པ་ཡིན། དེ་བས་ཞིང་པ་ཚོས་སོ་ནམ་གྱི་ལས་རིམ་དག་ལས་ཀྱང་འགའ་ཞིག་ནི་ཞིང་སའི་རྒྱུ་སྤུས་ཇེ་ལེགས་སུ་གཏང་བ་དང་། འགའ་ཞིག་ནི་ས་བོན་གྱི་སྐྱེ་སྟོབས་ཇེ་ཆེར་འཕེལ་བ། འགའ་ཞིག་ནི་རྒྱུ་དེ་གཉིས་ཀྱི་བཟང་པོའི་བྱེད་ནུས་མངོན་དུ་ལེགས་པོར་འགྱུར་བ་བཅས་དགོས་པ་མི་འདྲ་བའི་ཆེད་དུ་བྱེད་བཞིན་ཡོད་དེ། དཔེར་ན་སྟོན་སློག་གིས་གཙོ་བོ་ཞིང་གི་ས་རྒྱུ་ལེགས་པར་བྱེད་པ་དང་། སོན་ཞིང་རྨོས་པས་ས་བོན་བཟང་པོར་བསྒྱུར་པ། དཔྱིས་རྨོས་ཀྱིས་གཙོ་བོ་ས་བོན་བཟང་པོ་དང་ཞིང་ས་གཤིན་པོ་གཉིས་ཀྱི་བཟང་པོའི་ཆ་རྣམས་ཆུད་མི་གཟོན་ཞིང་དོ་སྙོམས་པར་བསྒྲིགས་ཏེ་ལོ་ཏོག་ལ་ཕན་པའི་ནུས་པ་མངོན་དུ་ཡག་པོར་འགྱུར་པར་བྱེད་པ་ལྟ་བུའོ། །

གཤམ་དུ་ཡུལ་འདིའི་རྨོན་ལས་དེ་དག་བྱེད་སྟངས་ཅུང་ཞིབ་ཆས་ངོ་སྤྲོད་ཞུས་ན། དཔྱིད་རྨོས་ཅེས་པ་ནི་དཔྱིད་ཀར་ས་བོན་འདེབས་པའི་སྐབས་སུ་རྨོད་བ་ལ་ཟེར། དཔྱིད་རྨོས་ཀྱི་དུས་ཚོད་ནི་ས་སྟོད་སྨད་བར་གྱི་གནས་ཚུལ་མི་འདྲ་བའི་དབང་གིས་ཉི་མ་ཁ་ཤས་སམ་གཟའ་འཁོར་གཅིག་གཉིས་ཡས་མས་ཀྱིས་སྔ་ཕྱིའི་ཁྱད་པར་ཡོད། དེ་ལས་དཀར་མཛེས་གླིང་དང་ཉིན་མོ་སྨད་ཕྱོགས་ཀྱི་ས་འཕགས་ཅུང་དམའ་བའི་ས་ཆ་དག་ན་རྨོན་ཅུང་སྔ་ལ། ཐང་ཁ། ལམ་གོང་། རབ་མཚར་སོགས་འགའ་ན་རྨོ་ཕྱི་བ་ཡིན། ཞིང་རྨོ་སྔ་ཕྱིའི་དུས་ཚོད་གཏན་འཁེལ་བྱེད་པ་ལ་གཙོ་བོ་ཨ་མྱེའི་རྩིས་དང་ས་ཆ་སོ་སོའི་རྒན་པོ་ཉམས་མྱོང་ཅན་རྣམས་ཀྱི་ཉི་རྟགས་དང་ཆུ་རྟགས། སྐར་རྟགས་སོགས་ལ་བརྟག་ཅིང་། རྨོན་སྔ་དང་རྨོན་འབྲིང་རྨོན་ཕྱིས་ཞེས་དུས་སྔ་ཕྱི་རིམ་པ་གསུམ་དུ་ཕྱེ་ནས་རང་རང་སོ་སོའི་ས་གནས་ཀྱི་གནས་ཚུལ་དང་འཚམས་པའི་དུས་སུ་རྨོ་འགོ་འཛུགས་པ་ཡིན། ཞིང་དངོས་སུ་མ་རྨོའི་སྔོན་ལ་དང་པོ་ས་ཆ་སོ་སོའི་ཨ་མྱེའི་རྩིས་ལྟར་སྐར་བཟང་དུས་བཟང་ལ་ཐོང་ཕུད་པ་ཞེས་ཞིང་རྨོ་བའི་སྐར་འཛིན་བྱེད། དེའི་ཉིན་ལ་མིས་རྒྱན་གོས་སོ་མ་གྱོན་པ་དང་ཕྱུགས་ལ་དར་ཚོན་སོགས་ཀྱིས་རྒྱན་སྤྲས་པ་མ་ཟད་ཞིང་ནང་དུ་གསུར་དང་བསང་མཆོད་ཕུལ་བ་སོགས་བྱས་ནས་བཀྲ་ཤིས་ལོ་ལེགས་པའི་རྟེན་འབྲེལ་བསྒྲུབ་པ་དང་། གེགས་མེད་པའི་སྨོན་ལམ་བཏབ་པ། ཡུལ་ལྷ་གཞིས་བདག་གསོ་བ་སོགས་བྱེད་དགོས། ལོ་འགའི་སྔོན་ལ་ཐོང་སོ་ས་ལ་ཐོག་མར་འཛུགས་དུས་གང་འདྲ་དགོས་པ་དང་། རྨོན་མཛོ་ཁ་གང་དུ་འཁོར་དགོས་པ། རྨོད་མཁན་ཁ་གང་དུ་ཕྱོགས་ནས་ལོ་ལྷ་ལ་སྨོན་ལམ་གདབ་དགོས་པ། ལོ་དགྲ་གང་གི་ཕྱོགས་སུ་ཡོད་པ་ལ་ལྕག་ཚན་ལན་ཅི་ཚད་གཡུག་དགོས་པ་སོགས་ཆོ་ག་རྒྱས་པ་རྩིས་སུ་བབས་པ་ལྟར་བྱེད་པ་ཡིན། ཐོང་ཕུད་པའི་རྟེན་འབྲེལ་ལེགས་པར་བསྒྲུབས་རྗེས་དངོས་སུ་དུས་ནམ་རྨོད་བ་ནི་ཡུལ་གྱི་གནས་ཚུལ་དང་བསྟུན་ནས་བྱེད་ཆོག། ཡུལ་ལུང་འདིའི་ས་ཞིང་གི་ཁྱད་ཆོས་ལ་ས་མཐོ་དམའ་བར་གསུམ་དང་ཡུལ་སྟོད་སྨད་བར་གསུམ་ཐ་ན་གྲོང་པ་གཅིག་གི་རི་ལུང་ཐང་གསུམ་གྱི་ཞིང་གི་བར་ནའང་རྨོ་རན་དང་མ་རན་པའི་ཁྱད་པར་ཤིན་ཏུ་གསལ་པོ་ཡོད་པས་དཔྱིད་དུས་རྨོད་པའི་མཐིལ་ལ་རན་པོ་ཕྲད་དང་མ་འཕྲད་པས་དབྱར་དུས་ལོ་ཏོག་ཡག་པོར་སྐྱེ་དང་མི་སྐྱེ། སྟོན་དུས་འབྲས་བུ་ལེགས་པར་སྨིན་དང་མི་སྨིན། ལོ་ཏོག་ལ་ལོ་དགྲའི་གནོད་པ་འབྱུང་དང་མི་འབྱུང་སོགས་ལ་ཤུགས་རྐྱེན་ཏེ་པོར་ཐེབས་བཞིན་ཡོད།དེ་བས་དཔྱིད་དུས་རྨོ་མཐིལ་ཕྲད་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་གོ།

འོ་ན་དུས་ནམ་ཞིག་རྨོས་ན་མཐིལ་ལ་རན་པ་ཡིན་ཞེ་ན། ཞིང་སའི་ཁྱད་ཆོས་མི་འདྲ་བ་དང་གདབ་རྒྱུའི་ལོ་ཏོག་མི་འདྲ་བ་སོགས་ཀྱིས་སྔ་ཕྱི་མི་འདྲ་བར་འགྱུར། སྤྱིར་བཏང་རྨོ་བདེ་མིན་དང་། རྨོས་སྤུས་བཟང་ངན། རྨོ་མཐིལ་རིང་ཐུང་བཅས་ནི་ས་ཞིང་གི་རྨོན་ལས་ཐད་ཀྱི་ཁྱད་ཆོས་གལ་ཆེན་པོ་གསུམ་ཡིན། རྨོད་དཀའ་སླས་ཐད་ཀར་རྨོས་སྤུས་བཟང་ངན་ལ་ཤུགས་རྐྱེན་ཐེབས་ཤིང་། ས་རྒྱུ་ཡང་ཞིང་སྐྱེ་ལྡན་རྫས་བཅུད་འབེལ་ལ་གྲུབ་ཚུལ་བཟང་བའི་ཞིང་རྣམས་རྨོ་བདེ་བར་ཡོད། རྨོད་པའི་སྤུས་ཀ་བཟང་པོ་ལ་རྨོས་རྗེས་ས་སོབ་སོབ་དང་། སྤོ་ཐོ་ཞིབ་མོར་བརྡུང་བདེ་བ། ས་རྡོག་ཧྲོབ་པོར་མི་འགྱུར་བ། ས་ཀབ་ཀོབ་དང་མཁྲེགས་པོར་མི་འགྱུར་བ། ས་ཚགས་དམ་ལྷོད་རན་པ། ས་བུག་མང་ཉུང་དང་ཕྲ་སྦོམ་རྣམས་དོ་སྙོམས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། དེས་ས་བོན་ལ་མཆུ་འབུད་རྐྱོང་བ། རྩད་པ་རྒྱས་པ། ལྗང་བུ་ཐོན་པ་དང་འཚར་ལོངས་འབྱུང་བ། ། ཆུ་དང་རླུང་དང་དྲོད་འཛིན་པ། འཚོ་བཅུད་འགྱུར་རེས་བྱེད་པ་སོགས་ལ་ཕན་ཐོགས་ཡོད་པ་ཡིན། རྨོ་མཐིལ་རིང་ཐུང་ཞེས་པ་ནི་རྨོད་རན་པའི་མཐིལ་ལམ་རྨོད་རན་པའི་དུས་ཚོད་ཡུན་རིང་ཐུང་སྟེ། ས་ཞིང་བཟང་པོ་ལ་རྨོ་མཐིལ་རིང་ཞིང་སྐམ་རླན་གཉིས་ཀ་ལ་རྨོ་བདེ་བར་ཡོད་ཅིང་། ས་ཞིང་སྤུས་མི་བཟང་བ་ལ་རྨོ་མཐིལ་ཡུན་ཐུང་། ས་རྒྱུའི་ཆ་ནས་བྱེ་སའི་རྨོ་མཐིལ་ཆེས་རིང་ལ་ས་ཚི་ཅན་གྱི་རྨོ་མཐིལ་ཆེས་ཐུང་བ་དང་། གཤིན་སའི་རྨོ་མཐིལ་དེ་གཉིས་ཀྱི་བར་ན་ཡོད། ས་ཞིང་གི་རླན་བཞའི་ཆ་ནས། ས་སྐམ་པོ་ལ་རྣམ་པ་འཐས་གཟུགས་སྲ་མཁྲེགས་ཆེ་བ་དང་། ནང་གི་འབྱར་ཤུགས་ཆེ་ལ་ཕྱིའི་འབྱར་ཤུགས་མེད་པ། དབྱིབས་བསྒྱུར་ཐུབ་པའི་རང་བཞིན་ལྡན་པ། རྨོད་དུས་འཐེན་ཁ་ལྗིད་པ། རྨོས་རྗེས་པོ་ཐོ་སྲ་ཞིང་རྡུང་མི་བདེ་བ་བཅས་ཏེ་རྨོ་མཐིལ་བཟང་པོ་མིན། འདིར་དབྱིབས་བསྒྱུར་ཐུབ་པའི་རང་བཞིན་ལྡན་པ་ཞེས་པ་ནི་ཞིང་སའི་རླན་ཚད་ཀྱི་རྟགས་མཚན་ཞིག་སྟེ།ཞིང་ས་ཞིབ་མོ་དང་སྤོ་ཐོ་དག་ཕྱི་ཤུགས་ཀྱིས་དབྱིབས་སྣ་ཚོགས་སུ་བསྒྱུར་ཆོག་ཅིང་ཕྱི་ཤུགས་དང་བྲལ་རྗེས་སུའང་ཇི་ལྟར་བསྒྱུར་བའི་དབྱིབས་དེ་ག་རང་དུ་གནས་ཐུབ་པའི་གཤིས་ཀ་ལ་ཟེར། བཞའ་སྤབས་ལྡན་པའི་ས་ནི་སའི་རྣམ་པ་སོབ་ཅིང་སྙི་ལ་ནང་གི་འབྱར་ཤུགས་ཆུང་བ། ཕྱིའི་འབྱར་ཤུགས་དང་དབྱིབས་བསྒྱུར་ཐུབ་པའི་རང་བཞིན་མེད་པ། རྨོད་དུས་འཐེན་ཁ་ཡང་ལ་མི་ཕྱུགས་གཉིས་ལ་དཀའ་ལས་ཆུང་བ། རྨོས་རྗེས་ས་ཞིབ་ཅིང་རྡོག་ཆུང་ལ་དཀྲུམ་བདེ་བ་སྟེ། སྐམ་ཞིང་རྨོ་རན་པའི་མཐིལ་ལ་བབས་པ་ཡིན། ས་རླན་བཞའ་ཆེ་བའམ་ཅུང་འདམ་པོ་ནི་རྫི་ཆོག་ཅིང་མི་འབྱར་བ་སྟེ། དབྱིབས་བསྒྱུར་ཐུབ་པའི་རང་བཞིན་ལྡན་ཞིང་། ནང་གི་འབྱར་ཤུགས་དང་ཕྱིའི་འབྱར་ཤུགས་ཤིན་ཏུ་ཆུང་བ། རྨོན་འཐེན་ཁ་ལྗིད་ལ་རྨོས་རྗེས་སུ་དཀྲུམ་མི་བདེ་ལ་ས་རྡོག་ཧྲོབ་པོ་དང་ཆེན་པོ་མང་བས་རྨོན་མ་རན་པ་དང་། ས་འདམ་པོ་ནི་སའི་རྣམ་པ་དམ་པོར་འབྱར་ལ། དབྱིབས་བསྒྱུར་ཐུབ་པའི་རང་བཞིན་ལྡན་པ། ཕྱིའི་འབྱར་ཤུགས་ལྡན་ཞིང་ནང་གི་འབྱར་ཤུགས་ཞན་པས་ཐོང་སོ་ལ་འབྱར་ལ་རྨོད་དུས་འཐེན་ཁ་ལྗིད་པ། རྨོས་རྗེས་སྤོ་ཐོ་ཆེ་ཞིང་དཀྲུམ་དཀའ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་སྐབས་ཏེ་རྨོ་མཐིལ་མ་འཕྲད་པ་ཡིན། རླན་གཤེར་ཆེ་བ་ནི་འདམ་མྱགས་ཀྱི་རྣམ་པར་གྱུར་ཅིང་། དབྱིབས་བསྒྱུར་ཐུབ་པའི་རང་བཞིན་ཤོར་ཟིན་མོད་འོན་ཀྱང་ཕྱིའི་འབྱར་ཤུགས་ཡོད་ཅིང་ནང་གི་འབྱར་ཤུགས་ཞན་པ། རྨོན་འཐེན་ཁ་ལྗིད་བ། རྨོས་རྗེས་འདམ་མྱགས་སུ་གྱུར་པ་བཅས་ཏེ་རྨོ་མཐིལ་ལ་ཤིན་ཏུ་མ་རན་པ་དང་། ཆུ་ཤིན་ཏུ་མང་བ་ནི་འབྲས་གདབ་སའི་ཆུ་ཞིང་ལྟ་བུ་སྟེ། འདམ་མྱགས་གཤེར་གཟུགས་ནང་བཞིན་བཞུར་ནུས་པ། དབྱིབས་བསྒྱུར་ཐུབ་པའི་རང་བཞིན་དང་། ཕྱིའི་འབྱར་ཤུགས། ནང་གི་

འབྱར་ཤུགས་ཚང་མ་ཤོར་བ། རྨོད་དུས་འཐེན་ཁ་ཡང་ཞིང་རྨོས་རྗེས་འདམ་མྱགས་སླ་མོར་གྱུར་པ་སྟེ། འབྲས་གདབ་སའི་རྨོ་མཐིལ་ཡིན། ཞིང་གི་རླན་གཤེར་ཆེ་ཆུང་གིས་ཞིང་ས་ཡི་སྲ་སྙི་དང་། དབྱིབས་བསྒྱུར་ཐུབ་པའི་རང་བཞིན། ཕྱི་ནང་གི་འབྱར་ཤུགས། སྦོས་འཁུམས་ཆེ་ཆུང་། གླན་གནོན་ལྕོགས་མིན་སོགས་ལ་ཤུགས་རྐྱེན་འདོན་པས་རླན་གཤེར་ཆེ་ཆུང་ཏག་ཏག་ས་སྙི་བ། སྦོས་འཁུམས་ཆུང་བ། གླན་གནོན་ལྕོགས་པ། ནང་གི་འབྱར་ཤུགས་ཞན་ཞིང་ཕྱིའི་འབྱར་ཤུགས་དང་དབྱིབས་བསྒྱུར་ཐུབ་པའི་རང་བཞིན་མེད་པ་སོགས་ཀྱི་སྐབས་དང་བསྟུན་ནས་རྨོས་ན་ངལ་བ་ཆུང་བ་དང་རྨོས་སྤུས་བཟང་བས་རྨོ་བའི་མཐིལ་ལ་འཕྲད་པ་ཡིན། རྨོ་མཐིལ་འཕྲད་ན་ས་ཚི་མང་བ་དང་སྐྱེ་ལྡན་རྫས་བཅུད་དཀོན་པའི་ས་ཞིང་ཞན་པོ་ཡང་དཀའ་ལས་ཆུང་ཞིང་རྨོས་སྤུས་བཟང་པོའི་ཕན་འབྲས་བཟང་པོ་འབྱུང་ལ་ལྡོག་ན་ཞིང་ས་བཟང་པོ་ལའང་ལྡོག་པའི་སྐྱོན་རྣམས་འབྱུང་། ས་ཞིང་གི་རྨོན་གཤིས་ཇེ་བཟང་གཏང་བ་ལ། རྨོ་མཐིལ་འཕྲད་པ་དང་། སའི་རྒྱུ་སྤུས་དང་གྲུབ་སྟངས་ཇེ་ལེགས་བཏང་བ། ས་ཞིང་དུ་སྐྱེ་ལྡན་རྫས་བཅུད་འདུས་ཚད་ཇེ་མཐོར་བཏང་བ་སོགས་ཀྱི་ཕྱོགས་ནས་བློ་ཐབས་སྤྱད་ཆོག་པ་སྟེ། རྨོད་སྐབས་བལྟས་ན་སའི་ཕྱི་མདོག་དཀར་ཞིང་སྐམ་པོ་དང་ནང་ནག་ཅིང་བཞའ་ལ་སྣུམ་པོ་དང་། རེག་དུས་ལག་པས་བཅུམས་ན་རྡོག་པོར་འགྱུར་ལ་བཏང་ན་ལག་པར་མི་འབྱར་ཞིང་ས་ལ་ལྷུང་མ་ཐག་ཏུ་གྲུགས་པ་དང་། རྨོས་ན་ས་རང་ཤུགས་སུ་ཐོར་ཞིང་ཐོང་ལ་མི་འབྱར་བ་བཅས་ཀྱི་སྐབས་སུ་དུས་ལ་རན་པ་ཡིན། སྐྱེ་ལྡན་ལུད་མང་པོ་བཀྲམ་ན་ས་ཞིང་གི་སྐྱེ་ལྡན་རྫས་བཅུད་འདུས་ཚད་ཇེ་མང་དུ་འགྲོ་བ་དང་། ཞིང་ས་སོབ་ཅིང་ས་བུག་མང་དུ་འགྲོ་བ། ས་ཚི་ཅན་གྱི་ཞིང་སའི་འབྱར་ཚི་ཇེ་ཉུང་དང་དབྱིབས་བསྒྱུར་ཐུབ་པའི་རང་བཞིན་ཇེ་ཆུང་འགྲོ་བ། བྱེ་སའི་ཞིང་གི་ས་འབྱར་ཚི་ཇེ་མང་དུ་འགྲོ་བ་སོགས་ཀྱི་ཕན་ཐོགས་འབྱུང་བ་ཡིན། དེ་བཞིན་བྱེ་མའི་ཞིང་དུ་ས་ཞིབ་ཚད་རན་པོ་བསྲེས་པ་དང་ས་ཚི་ཅན་གྱི་ཞིང་དུ་བྱེ་མ་ཚད་རན་པོ་བསྲེས་ནས་ཞིང་སའི་རྒྱུ་སྤུས་དང་གྲུབ་ཚུལ་ཇེ་བཟང་དུ་གཏང་བར་འབད་ཆོག་གོ། ཉེ་ཆར་ཡུལ་འགའ་རེ་ན་གཞན་པའི་རིགས་ཀྱི་དུར་མཆོད་བྱེད་པའི་དུས་ཆེན་ཉིན་ལ་རྨོན་གྱི་གཟའ་སྐར་འཕྲད་སྦྱོར་ཆེས་ཕུན་སུམ་ཚོགས་པ་ཡིན་རབས་བརྗོད་ནས་དེར་རྟེན་ཤ་གཅིག་བྱས་པ་འགའ་རེ་ཡོད་ཀྱང་དེ་ནི་རང་གི་ཡུལ་གྱི་གནས་ཚུལ་དང་ཕ་མེས་ཀྱིས་བསགས་པའི་རྨོ་བརྐོ་སོ་ནམ་གྱི་རྒྱུན་ཤེས་སོགས་ལ་ཆ་རྒྱུས་ཤིན་ཏུ་ཞན་པའི་ལན་པོ་ལས། རང་ཡུལ་ལུང་པའི་ཁྱད་ཆོས་དང་བསྟུན་པ་སོགས་ལས་བྱུང་བའི་ཉམས་མྱོང་ནི་གཏན་ནས་མ་ཡིན་པར་སྣང་། ཡུན་འདིར་ཆུའི་གདགས་སྲིབ་དང་། གྲོང་གི་གོང་འོག། ཞིང་གི་ཉེ་རིང་སོགས་ལའང་རྨོ་བའི་མཐིལ་ལ་འཁེལ་མི་འཁེལ་གྱི་ཁྱད་པར་ཡོད་པས་འོལ་སྤྱི་ཙམ་གྱིས་གཞན་ལུགས་ལད་མོ་བྱེད་པས་ལས་ཀའི་གནད་ལ་འཁེལ་དཀའ། མ་གཞི་རང་གི་ཕ་མེས་ཚོས་བསོགས་པའི་ཡུལ་སྲོལ་གོམས་གཤིས་དང་རིག་པའི་གཞུང་ལུགས་སོགས་ལ་ཆ་རྒྱུས་ཡག་པོ་མེད་པས་གཞན་པས་ངོམ་བཤམས་ཁྱབ་བསྒྲགས་བྱེད་པ་ཐམས་ཅད་རང་རིགས་ལ་མེད་པའི་གསར་པར་བལྟས་ཏེ་མེས་པོར་འཁོན་སེམས་དང་རང་ལ་དམན་སེམས་སྐྱེ་ཞོར་ཨ་གསར་བྱེད་པའང་དེང་གི་ཁ་བ་ཅན་པས་ཅི་ས་གང་ཐད་ནས་རང་ལུགས་ཕུང་སྟངས་ཤིག་ཏུ་འགྱུར་ཡོད་པར་སྣང་།

༼ མུ་འགོད། ༽