འཐུས་མི་རྣམ་པ་ཚོ།
ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་བ་ཆབས་ཅིག། ཁུལ་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་བློ་མཐུན་གཞན་དག་གིས་ བསམ་འཆར་འདོན་རོགས་ཞུ་རྒྱུ་ཡིན།
གཅིག། 2024ལོའི་ལས་དོན་ལ་
ཕྱི་མིག་བལྟས་པ།
འདས་ཟིན་པའི་ལོ་གཅིག་ནི་ལས་སླ་པོ་གཏན་ནས་མིན། རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་དཀའ་ཚེགས་ཆེ་བའི་འགྲན་སློང་ལ་འཕྲད་ཚེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དོན་ལ་ནན་ཏན་འཁྱོལ་བ་དང་། ཁུལ་ཨུའི“གཅིག་གཉིས་གསུམ་བཞི་ལྔའི”སྤྱིའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། “དཔལ་འབྱོར་འགྲན་གཉེར་དང་སྔོན་འགོག་གཉིས། འགན་སྲུང་གསུམ”གྱི་རྒྱུན་ལྡན་ལས་དོན་གཙོ་བོར་གཅིག་གྱུར་འཆར་འགོད་བྱས་ཏེ། སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཅུང་ལེགས་པའི་སྒོ་ནས་བསྒྲུབས་ཐུབ་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་པར་གོམ་སྟབས་གསར་པ་སྤོས་ཐུབ་ཡོད།
ལོ་གཅིག་གི་རིང་ལ། ང་ཚོས་བོད་བརྟན་ཁམས་བདེའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ཁུར་ནས་བདེ་འཇགས་ཆུ་ཚད་མཐོན་པོ་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཁྱོན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཤིང་། ཁུལ་སྲིད་གཞུང་གི་ཏང་ཚན་ཁག་གི་གྲོས་ཚོགས་དང་། རྒྱུན་ལས་གྲོས་ཚོགས་སུ་ཆོས་ལུགས་ལས་དོན་དང་སྤྱི་ཚོགས་བརྟན་ལྷིང་ལས་དོན་ཞིབ་འཇུག་བྱེད་པའི་ལམ་ལུགས་བཙུགས་ཤིང་དོན་ལ་འཁྱོལ་བ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་འཛུགས་སྐྲུན་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་སོང་ཞིང་།ཁང་གསུམ་བཅོས་སྐྱོང་གི་ཉམས་མྱོང་རྒྱལ་ཡོངས་སུ་སྤེལ་རེས་ཁྱབ་གདལ་བཏང་བ་དང་། དར་མདོའི་དོ་དམ་ལས་སྟེགས་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང”གི་དཔེ་མཚོན་ཕུལ་བྱུང་དུ་གྱུར་ཡོད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་པར་སྤེལ་བའི་ལག་ལེན་བྱ་སྤྱོད་དོ་དོ་དན་དན་ཡིན་ལ་ཕན་འབྲས་ལྡན། མང་ཚོགས་ཀྱི་དཀའ་ངལ་གྱི་རེ་ཞུ་ཁྲི3.1ལྷག་ཐག་བཅད་པ་དང་། ཉམས་མྱོང་དང་སྒྲུབ་སྟངས་རྒྱལ་ཡོངས་སུ་སྤེལ་རེས་ཁྱབ་གདལ་བཏང་ཡོད་ཅིང་། རེས་སྐོར་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་དུ་འཛུགས་པར་ཞིང་ཆེན་རིམ་པའི་གདེང་འཇོག་བཟང་པོ་ཐོབ་ཡོད། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྒེར2གསར་དུ་བསྣན་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འབྱུང་གྲངས་བསྟུད་མར་ལོ་བཞིའི་རིང་ལོ་རྒྱུས་ཀྱི་དམའ་སར་གནས་པ་དང་། “ ལུང་པའི་དཔོན་པོ་དང་ས་ཚུགས་ཀྱི་དཔོན་པོ་ཟུང་དུ་སྦྲེལ་བ”ཞོད་འགོག་ལས་དོན་མ་ལག་ཞིང་ཆེན་ཡོངས་སུ་ཁྱབ་གདལ་དུ་བཏང་ཡོད། དྲག་ཆར་འབབ་ཐེངས19དང་ཆུ་ལོག་དང་ས་གཤིས་གནོད་འཚེ1435ལ་ཁ་གཏད་གོ་ཆོད་འཇལ་བ་དང་། མང་ཚོགས་ཁྲི6ལྷག་ཉེན་ཁ་ལས་མྱུར་དུ་གཡོལ་བ་དང་ཉེན་གཡོལ་གནོད་བྱོལ28ཀྱི་ལམ་ལྷུང་དཔེ་མཚོན་རྒྱལ་ཡོངས་ཀྱི་དཔེ་མཚོན་དུ་ཆགས་ཡོད། ཐོན་སྐྱེད་ཉེན་མེད་ཀྱི་དོན་རྐྱེན་འབྱུང་གྲངས་དང་ཤི་སྐྱོན་མི་གྲངས་བརྒྱ་ཆ25དང62.5མར་ཆག་ཡོད།
ལོ་གཅིག་གི་རིང་ལ། ང་ཚོས་སྐྱེ་ཁམས་སྲུང་ཡོལ་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ཁུར་ཏེ། མཛེས་མདངས་ཆེ་བའི་སྐྱེ་ཁམས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། 《མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་ འཆར་འགོད(2024ནས2035ལོའི་བར)》བཀྲམ་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད། ཁེབས་ཚད་བཅས་ལོ་བཅུ་བསྟུད་མར་འཕར་ཡོད། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་རོང་བྲག་འབབ་རྒྱུད་ཞིང་ཆེན་ཡོངས་ཀྱི་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་ཡི་དཔེ་མཚོན་ཕུལ་བྱུང་དུ་གྱུར་ཡོད། མཁའ་དབུགས་སྤུས་བཟང་ཚད་དང་ས་ངོས་ཀྱི་ཆུ་ཁམས་ཁོར་ཡུག་གི་སྤུས་བཟང་ཚད། གཅིག་བསྡུས་ཅན་གྱི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་བཟང་ཚད་བཅས་ལོ6བསྟུད་མར“བརྒྱ་ཆ་བརྒྱ”གསུམ་སྲུང་འཛིན་ཐུབ་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན། དེ་བཞིན་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཆུ་ཚད་བཅས་ཀྱི་དཔྱད་དཔོག་ཞིབ་དཔྱད་ཚང་མར་ཞིང་ཆེན་ཡོངས་ཨང་དང་པོ་ཡིན་ཞིང་། མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ལ་ཡི་རང་བྱེད་ཚད་ལོ་བསྟུད་མར3ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ལོ་གཅིག་གི་རིང་ལ། ང་ཚོས་ནང་སྐྱེས་ཀྱི་རང་བརྟེན་འགན་འཁྲི་ལྷག་བསམ་རྣམ་དག་གིས་ཁུར་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། དཔལ་འབྱོར་འཕར་སྣོན་ཞན་པ་དང་ཡོམ་འགོག་དང་མེ་ཟོན། ཞོད་འགོག། ས་གཤིས་གནོད་འཚེ་འགོག་པ་སོགས་ཕན་མེད་རྒྱུ་རྐྱེན་མཉམ་བརྩེགས་ཀྱི་ཤུགས་རྐྱེན་ཐེབས་པའི་འོག། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དམིགས་ཏེ། དཔལ་འབྱོར་སླར་འཕར་བཟང་ཕྱོགས་སུ་མུ་མཐུད་སྐུལ་བའི་དོན་ཚན9དང་། ཁྲོམ་རའི་གསོན་ཤུགས་སློང་བའི་དོན་ཚན16དང་། གཙོ་གནད་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་དོན་ཚན25དང་། དཔལ་འབྱོར་དང་དངུལ་རྩ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་དོན་ཚན8སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་མཉམ་དུ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་སྔོན་ལ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཕྱོགས་བསྡུས་ལས་ཕྱོད་དཔྱད་དཔོག་བྱས་ནས། འཕར་ཚད་ཞིང་ཆེན་ཡོངས་ཀྱི་རིགས་འདྲ་ས་ཁུལ་གྱི་ཨང་དང་པོར་གནས་ཡོད། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། སྔོན་དཔག་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར570གྲུབ་པ་དང་སྔ་མ་དང་བསྡུར་ན་བརྒྱ་ཆ5.5ཡས་མས་འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ3ཡས་མས་འཕར་ཡོད།( པར་ངོས་གཉིས་པར་གཟིགས།)