国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱིས་བཟོ་ལས་དཔལ་འབྱོར་རྒྱུན་སྲིང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཤུགས་ཡོད་རྒུས་སྐུལ།

གཡས་པ་ཐང་ཆུ་གློག་ས་ཚུགས་འཛུགས་སྐྲུན་བྱ་ཡུལ།

ཉེ་ཆར།ལྕགས་ཟམ་རྫོང་གི་ཡོན་གནས་ཕུག་ཆུ་གློག་ས་ཚུགས་ཀྱི་བཟོ་པ་ཚོས་བྲེལ་འཚུབ་ངང་ཆུ་འདྲེན་ཕུག་ལམ་དང་པོའི་ཕུག་ལམ་རྐོ་བ་དང་འཕྲུལ་འཁོར་ཚན་པ་དང་པོ་དང་གཉིས་པའི་སྒྲིག་སྦྱོར་སྙོམས་སྒྲིག་གི་ལས་ཀ་བྱེད་བཞིན་ཡོད་པ་རེད། མིག་སྔར་ཆུ་གློག་ས་ཚུགས་ཁྱོན་ཡོངས་ནས་ལས་འགོ་ཚུགས་ཤིང་།ཨར་ལས་ཀྱི་དུས་ཚོད་དམ་འཛིན་བྱས་ཏེ་ད་ལོའི་ཟླ་བ10པར་འཕྲུལ་འཁོར་ཚན་པའི་གློག་འདོན་བྱེད་འགོ་ཚུགས་པའི་དམིགས་འབེན་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།

སྤྱི་ཟླ2ཚེས19ཉིན། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་ལྗོངས་གོ་འཇོ་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་གློག་ཤུགས་སྟོང་ཝོལ་ཁྲི224ཡིན་པའི་གཡས་པ་ཐང་ཆུ་གློག་ས་ཚུགས་ལས་གཞིའི་ཡུལ་དངོས་སུ་བྲེལ་ཟིང་ཆེ་བའི་རྣམ་པ་ཞིག་གིས་ཁྱབ་སྟེ།འཛུགས་སྐྲུན་པ་ཚོས་ད་ལོའི་འཕྲུལ་འཁོར་ཚན་པ་ཁག་དང་པོས་གློག་འདོན་ཐུབ་པའི་འགན་ལེན་བྱས་པ་རེད།

དེ་དང་ཆབས་ཅིག་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་དང་ལིའང་ཧྲན་ཁུལ་མུ་ལི་རྫོང་འབྲེལ་མཚམས་ཀྱི་ཡར་ཀླུང་གཙང་པོའི་རྒྱུད་དུ་གློག་ཤུགས་སྟོང་ཝོལ་ཁྲི240ཡིན་པའི་མུང་ཏིག་ལུང་པའི་ཆུ་གློག་ས་ཚུགས་ཀྱི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་ཨར་ལས་དམིགས་ཚད12ཁྱོན་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་རེད།

ད་ཆར་འདི་ལྟ་བུའི་བྲེལ་ཟིང་གི་རྣམ་པ་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་རྒྱུན་དུ་མཐོང་རྒྱུ་ཡོད་ལ། དཔྱིད་གསར་འགོ་ཚུགས་སྐབས་དཀར་མཛེས་ཁུལ་གྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་བརྒྱ་ཆ5འཕར་རྒྱུའི་འགག་རྩའི་དམིགས་འབེན་འདི་གཏན་འཁེལ་བྱས་ཏེ། ལྟ་སྐུལ་ལ་ཤུགས་དྲག་པོ་བརྒྱབ་པ་དང་གཞི་ཁྱོན་ཆེར་གཏོང་།ལྟ་ཞིབ་ཚད་ལེན་ནན་པོ་བཅས་ཀྱི་བྱེད་ཐབས་མང་པོ་སྤྱད་ནས་ནུས་ཤུགས་ཡོད་རྒུས་བཟོ་ལས་དཔལ་འབྱོར་འགོ་ཡག་པོ་འཛུགས་པར་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད་དོ།།

( ལྷ་འཛོམས་ཀྱིས་བསྒྱུར།)