རྫོང(གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་དང་། ཁུལ་རིམ་པའི་སྡེ་ཚན་ཁག་དང་ཞིང་ཆེན་ཁོངས་གཏོགས་སྲིད་འཛིན་ཁེ་ལས་དང་དོན་ལས་སྡེ་ཚན། ཁུལ་ཁོངས་གཏོགས་ཁེ་ལས་དང་དོན་ལས་སྡེ་ཚན།
《དཀར་མཛེས་ཁུལ་གྱི“དཀར་མཛེས་མགྱོགས་ཞུ”སྤྱོད་པར་སྐུལ་མ་བྱས་ནས་སྤྱི་ཚོགས་ཡོངས་བདེ་འཇགས་ལྟ་སྐུལ་ཆེན་པོའི་ནང་ཞུགས་པར་བསྐུལ་ཏེ་མེ་འགོག་ཞོད་འགོག་རྐྱེན་འགོག་ལ་ཕན་འབྲས་ཐོན་པའི་བྱ་དགའ་སྤྲོད་ཐབས(ཚོད་སྤེལ)》ལ་ཁུལ་སྲིད་གཞུང་གིས་མོས་མཐུན་བྱས་ཤིང་ད་ལྟ་ཁྱོད་ཚོར་པར་འགྲེམས་བྱས་ཡོད་པས་ལག་བསྟར་ནན་ཏན་བྱ་རོགས།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།
2025ལོའི་ཟླ་བ2ཚེས22ཉིན།
《དཀར་མཛེས་ཁུལ་གྱི“དཀར་མཛེས་མགྱོགས་ཞུ”སྤྱོད་པར་སྐུལ་མ་བྱས་ནས་སྤྱི་ཚོགས་ཡོངས་བདེ་འཇགས་ལྟ་སྐུལ་ཆེན་པོའི་ནང་ཞུགས་པར་བསྐུལ་ཏེ་མེ་འགོག་ཞོད་འགོག་རྐྱེན་འགོག་ལ་ཕན་འབྲས་ཐོན་པའི་བྱ་དགའ་སྤྲོད་ཐབས(ཚོད་སྤེལ)》
སྤྱི་ཚོགས་ཡོངས་ནགས་རྩྭ་མེ་སྐྱོན་སྔོན་འགོག་དང་། ཆུ་ལོག་སྔོན་འགོག། ས་སྐྱོན་སྔོན་འགོག། ཉེན་མེད་ཐོན་སྐྱེད་བཅས་ཀྱི་ལྟ་སྐུལ་ཆེན་པོའི་ལས་དོན་ནང་ཞུགས་པར་སྐུལ་སློང་གང་ལེགས་བྱ་ཆེད།“དཀར་མཛེས་མགྱོགས་ཞུ”སྤྱད་དེ་རྩད་ཆོད་མཐའ་གསལ་གྱི་ནགས་རྩྭ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་། ཆུ་ལོག་དང་ས་སྐྱོན་གྱི་མངོན་མེད་རྐྱེན་ངན། ཉེན་མེད་ཐོན་སྐྱེད་ལས་འཛོལ་གྱི་མངོན་མེད་རྐྱེན་ངན། དེ་བཞིན་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བཅས་སྙན་སེང་ཞུ་བ་ལ་བྱ་དགའ་སྤྲད་རྒྱུ་རེད།
གཅིག། སྒྲིག་སྲོལ་དང་འགལ་ནས་མེ་སྤྱད་དེ་ལས་ཀ་བྱེད་པ་དང་། གློག་ལས་པ་དང་ཚ་ལའི་བཟོ་པ་སོགས་དམིགས་བསལ་གྱི་ལས་སྒྲུབ་ལག་ཁྱེར་མེད་པར་ལས་ཀ་བྱེད་པ་མཐོང་ནས་ཡར་ཞུ་མཁན་ལ་སྒོར1000ཡི་བྱ་དགའ་སྤྲད་རྒྱུ།
གཉིས། 35kVདང་དེའི་མན་གྱི་གློག་འདྲེན་སྦྱོར་སྐུད་ལམ་ཆད་པ་དང་། སྒྲིག་ཆས་ལ་ཆག་སྐྱོན་བྱུང་བ། དུ་འཕྱུར་འོད་འཕྲོ། གློག་ཟགས་པ་དང་གློག་རྒྱུན་ཐད་ཐུག། གློག་སྐུད་བསྣོལ་ཅིང་སྦྲེལ་བ་སོགས་མངོན་མེད་རྐྱེན་ངན་མཐོང་ནས་ཡར་ཞུ་མཁན་ལ་སྒོར500ཡི་བྱ་དགའ་སྤྲད་རྒྱུ།
གསུམ། 35kVདང་དེའི་མན་གྱི་གློག་འདྲེན་སྦྱོར་སྐུད་ལམ་འོག་གི་འབར་སླ་བའི་དངོས་པོ་གཙང་སེལ་ཡག་པོ་བྱས་མེད་པ་དང་། གློག་སྐུད་ཁྲིད་སར་ཅ་དངོས་སྤུངས་གསོག་དང་ལྕགས་རིགས་དངོས་པོ། དཔྱངས་དངོས་སོགས་ཡོད་པ་དང་། གློག་སྐུད་ལྕགས་སྒྲོམ་ཡོ་བ་དང་འགྱེལ་བ། ཤིང་ནགས་གློག་སྐུད་ལ་ཐུག་པ་སོགས་མངོན་མེད་ཉེན་ཁ་ཡོད་པ་མཐོང་ནས་ཡར་ཞུ་མཁན་ལ་སྒོར100ཡི་བྱ་དགའ་སྤྲད་རྒྱུ།
བཞི། འབར་སླ་བ་དང་འབར་གས་སླ་བའི་དངོས་རྫས་གསོག་ཉར་བེད་སྤྱོད་བྱས་ནས་མེ་འགོག་ལོགས་བཀར་དང་ཉེན་མེད་བྱ་ཐབས་ནུས་ལྡན་མ་སྤྱད་པ་དང་། སྒྲིག་འགལ་གྱིས་གནས་སྐབས་ཀྱི་འཛུགས་སྐྲུན་དང་བཟོ་ཁང་། གློག་ཤུགས་སྒྲིག་བཀོད་བསྐྲུན་པ་སོགས་ལས་ས་སྐྱོན་དང་མེ་སྐྱོན་གྱི་ཉེན་ཁ་ཡོད་པ་མཐོང་ནས་ཡར་ཞུ་མཁན་ལ་སྒོར500ཡི་བྱ་དགའ་སྤྲད་རྒྱུ།
ལྔ། ནགས་ཁུལ་དང་འབྲོག་ཁུལ་དུ་མེ་རྩེ་བ་དང་། ཐ་མག་འཐེན་པ། ཟས་གཡོས་པ། སོལ་བ་སྲེག་པ། བསང་གཏོང་བ། མཆོད་འབུལ། (སྤོས་སྦར་བ། ཡང་ལ་སྦར་བ། སྦྱིན་སྲེག་སོགས།) སྦྲང་མ་སྲེག་པ། ས་རྒོད་སྲེག་པ། ཞིང་མུ་སྲེག་པ། གད་སྙིགས་སྲེག་པ། སོག་མ་སྲེག་པ། མེ་སྦར་ནས་ལུས་སྲོ་པ། སྒྲོན་མེ་སྦར་བ། ཕུང་པོ་སྲེག་པ། ཤོག་སྦག་གཏོང་བ། ཁུང་མིང་སྒྲོན་མེ་དང་ཆུ་སྒྲོན་གཏོང་བ་སོགས་མངོན་མེད་ཉེན་ཁ་ཡོད་པ་མཐོང་ནས་ཡར་ཞུ་མཁན་ལ་སྒོར100ཡི་བྱ་དགའ་སྤྲད་རྒྱུ།
དྲུག། གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་འཁོར་དང་། གྲོང་ཚོའི་མཐའ་འཁོར། སྡེ་ཚན་གྱི་མཐའ་འཁོར། བཟོ་གྲྭ་དང་གཏེར་རི། དགོན་པ་སོགས་ཀྱི་མཐའ་འཁོར། སྒྲིག་བཀོད་གལ་ཆེན་གྱི་མཐའ་འཁོར། དེ་བཞིན་ནགས་ཁུལ་དང་འབྲོག་ཁུལ་གྱི་མཐའ་འཁོར། གློག་ཤུགས་སྒྲིག་བཀོད་ཀྱི་མཐའ་འཁོར། འགྲོ་ལམ་གྱི་མཐའ་འཁོར། ཁང་པའི་མཐའ་འཁོར། ཞིང་གི་མཐའ་འཁོར་སོགས་སུ་འབར་སླ་བའི་དངོས་རྫས་སྤུངས་ནས་མངོན་མེད་རྐྱེན་ངན་ཡོད་ཅིང་ཉེན་ཁ་ཆེ་བའི་གནས་སུ་ཡོད་པ་མཐོང་ནས་ཡར་ཞུ་མཁན་ལ་སྒོར50ཡི་བྱ་དགའ་སྤྲད་རྒྱུ།
བདུན། མི་འདུ་འཛོམས་ཆེ་ས་དང་སྡེ་ལས་གཞིས་ལས་ཞབས་ཞུའི་གཞིས་ཁུལ་གྱི་མེ་གསོད་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་པ་དང་ཡང་ན་ཆག་སྐྱོན་བྱུང་ནས་དུས་ལས་ཡོལ་བ་དང་། མེ་གསོད་ཆུ་སྒོ་ལ་ཆུ་མེད་པ། མེ་ཟོན་བགྲོད་ལམ་ཚབས་ཆེན་བཀག་ཡོད་པ་མཐོང་ནས་ཡར་ཞུ་མཁན་ལ་སྒོར500ཡི་བྱ་དགའ་སྤྲད་རྒྱུ།
བརྒྱད། རྫབ་རླངས་རྫིང་དང་ལུད་གསོག་རྫིང་། བཙོག་ཆུ་རྫིང་སོགས་ཚད་ཡོད་ཀྱི་བར་སྟོང་དུ་མཚོན་རྟགས་དང་སྦྱར་བྱང་བཀོད་མེད་པ་དང་། ལས་ཀ་མ་བསྒྲུབ་གོང་ལས་སྒྲུབ་ཞིབ་བཤེར་ཆོག་མཆན་དོན་ལ་འཁྱོལ་མེད་པ་དང་། ལས་སྒྲུབ་ཁྲོད་ཆེད་མངགས་མི་སྣས་ལྟ་སྐྱོང་བྱས་མེད་པ་མཐོང་ནས་ཡར་ཞུ་མཁན་ལ་སྒོར500ཡི་བྱ་དགའ་སྤྲད་རྒྱུ།
དགུ། ཁྲིམས་འགལ་ངང་སྐྱེལ་འདྲེན་དང་། ཟོག་འཁོར་དང་འགྲུལ་འཁོར་གྱི་ཐེག་ཚད་ལས་ཚབས་ཆེན་བརྒལ་ཡོད་པ་མཐོང་ནས་ཡར་ཞུ་མཁན་ལ་སྒོར200ཡི་བྱ་དགའ་སྤྲད་རྒྱུ།
བཅུ། གློག་སྐུད་རིང་པོ་འཐེན་ནས་གློག་སྒུལ་རྐང་འཁོར་ལ་གློག་གསོག་པ་དང་། སྒྲིག་འགལ་གྱིས་རིམ་པCདངDཡི་ཉེན་ཁང་དུ་སྡོད་པ། བཟའ་བཏུང་བྱ་ཡུལ་དུ་འབར་རླངས་ཀྱི་ཉེན་བརྡ་གཏོང་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་པ། རླངས་ཁུངས་རིགས་གཉིས་དང་གཉིས་ཡན་བེད་སྤྱོད་པ། འབར་རླངས་ཁེ་ལས་ཀྱིས་ཆོག་མཆན་མ་ཐོབ་པར་ས་ཁོངས་ལས་བརྒལ་ནས་ཚོང་གཉེར་བྱེད་པ། ཨར་ལས་བྱ་ཡུལ་གྱི་བཀག་རྒྱ་ཡོངས་སུ་ཁེབས་མེད་པ། ཉེན་འགོག་ཞྭ་མོ་གྱོན་མེད་པ་དང་ཉེན་སྲུང་ཐག་པ་མ་བཏགས་པ་སོགས་མངོན་མེད་ཉེན་ཁ་མཐོང་ནས་ཡར་ཞུ་མཁན་ལ་སྒོར100ཡི་བྱ་དགའ་སྤྲད་རྒྱུ།
བཅུ་གཅིག། གནོད་འཚེ་འབྱུང་ཉེའི་རྟགས་མཚན(གས་སྲུབས་དང་དབྱིབས་འགྱུར་བ། ཆུ་བོ་དང་མཚེའུ་ཆད་པ། དྲག་ཆར་འབབ་པ། ཆུ་བོ་རྒྱུན་ལྡན་དང་མི་འདྲ་བ་རྙོག་པ། སྒྲ་ཡ་མཚན་པོ་གྲགས་པ་སོགས)མཐོང་ནས་ཡར་ཞུས་པ་དང་། རང་བྱུང་རྒྱུ་རྐྱེན་གྱི་དབང་གིས་དངོས་གནས་ཆུ་ལོག་དང་འདམ་རྡོ་ཆུ་རུད། རི་ཉིལ་བ་དང་རྡིབ་པ་སོགས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ལ་འཇིགས་སྐུལ་ཐེབས་སྲིད་པ་ངོས་འཛིན་གཏན་འཁེལ་བྱས་པ་དང་། དེར་མ་ཟད་ཆུ་ལོག་གི་གནོད་སྐྱོན་འབྱུང་ཉེན་ཡོད་པའི་ས་ཁུལ་དང་ས་གཤིས་གནོད་འཚེ་མི་མངོན་པ་འབྱུང་སའི་ལྟ་ཞིབ་ཚད་ལེན་གྱི་གྲས་སུ་གསར་དུ་གཞག་དགོས་པ་དང་། ཡང་ན་འབྲེལ་ཡོད་བྱེད་ཐབས་གཞན་དག་སྤྱོད་པའི་དོན་དག་ཡིན་ན་སྒོར་1000ཡི་བྱ་དགའ་སྤྲད་རྒྱུ། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཉེན་གཡོལ་ལམ་ལྷོང་བྱུང་བའི་དཔེ་མཚོན་ལ་བདམས་པ་ཡིན་ན་བྱ་དགའ་ལོགས་སུ་སྤྲད་རྒྱུ།
བཅུ་གཉིས། མངོན་མེད་ཉེན་ཁ་དང་། ཆུ་ལོག་དང་ས་གཤིས་གནོད་འཚེའི་མངོན་མེད་ཉེན་ཁ། དེ་བཞིན་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་གཞན་དག་བཅས་ཤེས་རྟོགས་བྱུང་ནའང“དཀར་མཛེས་མགྱོགས་ཞུ”བརྒྱུད་དེ་སྙན་སེང་ཞུ་ཆོག་པ་དང་། རྩད་ཆོད་མཐའ་གསལ་བྱུང་རྗེས་བྱ་དགའ་སྤྲད་རྒྱུ།
བཅུ་གསུམ། ཉེན་གཡོལ་ལམ་ལྷོང་བྱུང་བ་དང་གསར་དུ་ཆུ་ལོག་གི་གནོད་འཚེའི་ཉེན་ཁའི་ས་ཁུལ་དང་ས་གཤིས་གནོད་འཚེ་མི་མངོན་པ་འབྱུང་སའི་ལྟ་ཞིབ་ཚད་ལེན་གྱི་གྲས་སུ་གསར་དུ་བཅུག་པའི་བྱ་དགའ་དེ་ཞིང་ཆེན་དང་ཁུལ་གྱིས་ཆ་ཚང་འགན་སྲུང་བྱ་དགོས། མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ནགས་ཚལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་ཉེན་མེད་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྱི་བྱེད་པོ་ལ་ཁྲིམས་ལྟར་ཆད་གཅོད་དང་གཞུང་བཞེས་བྱས་པའི་ཡོང་འབབ་ཆ་ཚང་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་ལ་སྤྲད་རྒྱུ་དང་། རིམ་པ་གཅིག་མཚུངས་ནོར་སྲིད་ཀྱིས་དགོས་མཁོ་ལྟར་བྱ་དགའི་མ་དངུལ་སྔོན་རྩིས་ནང་བཅུག་ནས་འགན་སྲུང་བྱ་དགོས། ནགས་རྩྭ་མེ་ཟོན་གྱི་ཆེད་སྤྱོད་མ་དངུལ་དང་ཉེན་མེད་ཐོན་སྐྱེད་ཆེད་སྤྱོད་མ་དངུལ་རིགས་དབྱེ་ལྟར་ཆེད་དངུལ་ཆེད་སྤྱོད་བྱ་དགོས། ནགས་རྩྭ་མེ་ཟོན་གྱི་མ་དངུལ་དང་ས་སྐྱོན་འགོག་བཅོས་ཀྱི་བྱ་དགའ་མ་དངུལ་གཞན་དག་ནི་ཁུལ་དང་རྫོང(གྲོང་ཁྱེར)གྱིས4:6ལྟར་གྲབས་གསོག་བྱས་ཏེ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་བཀོད་སྒྲིག་བྱ་དགོས། བྱ་དགའི་མ་དངུལ་ཚང་མར་ཁྲིམས་ལྟར་རྩིས་བཤེར་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱ་དགོས།
བཅུ་བཞི། མངོན་མེད་རྐྱེན་ངན་གཅིག་ལ་ཐོག་མར་སྙན་སེང་ཞུ་མཁན་ལ་བྱ་དགའ་སྤྲད་རྒྱུ་ལས་བྱ་དགའ་བསྐྱར་ཟློས་སྤྲད་རྒྱུ་མེད། གཞུང་ཞབས་མི་སྣའི་ཁྲིམས་འབེབས་ འགན་འཁྲིའི་ཁོངས་སུ་གཏོགས་པའི་རིགས་བྱ་དགའ་སྤྲད་ཡུལ་གྱི་ཁོངས་སུ་མི་འཇུག་པ་དང་། ནགས་སྲུང་རྩྭ་སྲུང་བ་དང་། ཆུ་ལོག་ས་གཤིས་གནོད་འཚེའི་ལྟ་ཞིབ་པ། སྤྱི་ཁུལ་ལས་སྒྲུབ་མི་སྣ་བཅས་ཀྱི་བྱ་དགའ་བརྒྱ་ཆ50ལྟར་ལག་ལེན་བསྟར་དགོས། བྱ་དགའི་མ་དངུལ་གཡོ་ལེན་དང་བསམ་ངན་གྱིས་ཡར་ཞུ་བྱས་པར་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱ་དགོས། ཡར་ཞུ་བྱེད་མཁན་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱ་དགོས།
བཅོ་ལྔ། བྱ་དགའ་སྤྲོད་ཐབས་འདི་ཁུལ་མི་དམངས་སྲིད་གཞུང་གི་དབང་འགན་སྤྲད་པ་གཞིར་བཟུང་ཁུལ་དང་རྫོང(གྲོང་ཁྱེར)གི་འཚུབ་བསྟུན་དོ་དམ་དང་། ནགས་ཚལ་དང་རྩྭ་ཐང་། རང་བྱུང་ཐོན་ཁུངས། ཆུ་བེད་སྡེ་ཁག་གིས་འགྲེལ་བཤད་བྱེད་འགན་འཁུར་རྒྱུ།
བྱེད་ཐབས་འདི2025ལོའི་ཟླ་བ3ཚེས23ཉིན་ནས་ལག་ལེན་བསྟར་རྒྱུ་དང་། གོ་ཆོད་དུས་ཡུན་ལོ་གཉིས་ཡིན།།
( ནོར་བུས་བསྒྱུར།)