ལོ་སར་གུང་གསེང་རྫོགས་རྗེས། རང་ཁུལ་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་ལས་ཚན་གཙོ་བོར་མུ་མཐུད་དེ་བསྐུལ་ནས་དུས་ཚོད་སྐར་ཆ་ཙམ་ཡང་དམ་དུ་བཟུང་ནས་ལས་འགོ་བསྐྱར་འཛུགས་ལས་དོན་ལ་ཞུགས་ཏེ། ལས་ཚན་འཛུགས་སྐྲུན་གྱི་འཕེལ་རིམ་སྔོན་བཀོད་དམིགས་འབེན་དུ་བསླེབ་གང་ཐུབ་བྱས་པ་རེད།
སྤྱི་ཟླ2པའི་ཚེས12ཉིན་གྱི་སྔ་དྲོར། གསར་འགོད་པ་དར་མདོ་གྲོང་ཁྱེར་ལྷ་མོ་རྩེ་གྲོང་སྡེ་རེན་ཚང་ལུང་གི་དར་མདོ་དང་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་ལས་ཡུལ་དུ་སླེབས་པ་ན། གང་སར་ཨར་ལས་ལ་བྲེལ་བའི་རྣམ་པས་ཁེངས་འདུག། ལམ་མཚམས་ལས་ཚན་དེའི་གཉེར་དཔོན་གཞོན་པ་ཆིང་པིན་གྱིས་ཨར་ལས་ལས་ཡུལ་དེར་དར་མདོ་ཕུག་ལམ་གྱི་འབུད་སྒོ་དང་རྒྱབ་ལ་ཕུག་ལམ་གྱི་འཕྲེད་ལམ་ལས་ཡུལ་གཉིས་སུ་འདུས་ཡོད། ལས་ཚན་གྱི་དོ་དམ་མི་སྣ་དང་ཐོན་ལས་བཟོ་པས་སྤྱི་ཟླ2པའི་ཚེས9ཉིན་ནས་ལས་འགོ་བསྐྱར་དུ་བཙུགས་ཡོད། དར་མདོའི་ཕུག་ལམ་ནི་ལམ་ཧྲིལ་པོའི་གཙོ་གནད་ཨར་ལས་ཡིན་ཞིང་། རིང་ཚད་སྨི8055ཡོད་ཅིང་ལས་ཡུལ་འདིར་སྨི4722ཡོད། ད་སྔར་དར་མདོའི་ཕུག་ལམ་གྱི་གཡོན་དུང་སྨི377དང་གཡས་དུང་སྨི345ཕུག་ཐུབ་ཡོད། རྒྱབ་ལ་ཕུག་ལམ་གྱི་འཕྲེད་ལམ་ལ་སྨི1984ཡོད་ཅིང་། ད་སྔར་སྨི200ཕུག་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཚན་ཁང་གི་ལས་དོན་མི་སྣས་བཤད་པ་ལྟར་ན། 2025ལོ་ནི་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་མགྱོགས་པོར་སྐྲུན་པའི་ལོ་ཡིན་ཞིང་། ཨར་ལས་ཀྱི་འཕེལ་རིམ་དམ་དུ་གཟུང་དགོས་པ་ཆབས་ཅིག་ཉེན་མེད་དོ་དམ་བྱེད་ཤུགས་ཀྱང་ཆེ་རུ་བཏང་སྟེ། 2028ལོར་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་དགོས། ཁྲོན་ལམ་ཚོགས་པ་ཁམས་ཞིན་སྤྱི་གཉེར་ཁང་གིས་སྔོན་ལ་འཆར་འགོད་དང་མཉམ་སྦྲེལ་སྐུལ་འདེད་ཅེས་པའི་བླང་བྱ་ལྟར་ལས་འགོ་བསྐྱར་འཛུགས་ཀྱི་ཆེད་ལས་ཚོ་ཆུང་བཙུགས་ནས་རྗེས་སུ་བསྙེགས་ཏེ་ཕན་འབྲས་དམིགས་སུ་ཐོན་པར་བྱས་ཡོད། ལས་འགོ་བསྐྱར་འཛུགས་ཐད་དེ་སྔོན་བླང་བྱ་དྲུག་བཏོན་ཡོད་པའི་རྨང་གཞིའི་ཐོག་ད་ལོར་གཉིས་བསྣན་ནས་བརྒྱད་བཏོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགོ་དར་མདོ་གཉའ་ལུང་འགོ་ནས་བཙུགས་ཤིང་། རྒྱལ་ལམ4218དར་མདོ་བརྒལ་མཚམས་ཀྱི་མྱུར་བགྲོད་གཞུང་དང་འབྲེལ་ཡོད། རྒྱུ་ལ་བརྒྱུད་དེ་ར་རྔ་ཁ་གྲོང་རྡལ་མགོ་ལོག་ཐོག་གྲོང་སྡེ་གསུམ་པར་མཇུག་རྫོགས། སྤྱིའི་རིང་ཚད་ལ་སྤྱི་ལེ78.5ཡོད་ཅིང་། བཞུགས་ཁྲི་སྤང་དང་ཐག་གཉིས་པ། ཝ་ཁྲལ། ར་རྔ་ཁ་བཅས་བཞི་ལ་འབྲེལ་བསྣོལ་ལངས་ཟམ་བཙུགས་ཡོད་པ་དང་། ལམ་ཧྲིལ་པོར་ཟམ་པ22བཙུགས་ཡོད། རིམ་རྩིས་བྱས་ན་ད་སྔའི་བར་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་བརྒྱ་ཆ33.82བརྐོས་ཡོད་པ་དང་། ཟམ་པའི་ལས་གཞི་ཐད་རིམ་རྩིས་བྱས་ན་བརྒྱ་ཆ21.27གྲུབ་ཡོད། ལམ་གདན་གྱི་ས་རྡོའི་ལས་གཞིའི་ཐད་རིམ་རྩིས་བྱས་ན་བརྒྱ་ཆ20.22གྲུབ་ཡོད་པ་རེད།
དེ་དང་ཆབས་ཅིག་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ལྕགས་ཟམ་ཁའི་ལྷོ་རྒྱུད་བསྣོལ་འབྲེལ་འཛུགས་སྐྲུན་གྱི་ཡུལ་དངོས་སུ་ཡང་འཛུགས་སྐྲུན་པ་ཚོས་ཚ་ཚ་འུར་འུར་གྱི་སྒོ་ནས་ལས་ལ་བརྩོན་བཞིན་ཡོད། གཡག་མདོ་སྤྱི་གཉེར་ཁང་ལྕགས་ཟམ་ཁ་འཐུས་ཚབ་ཁང་གི་མགོ་གཙོ་ཀུའེ་མིང་ཅ་ཡིས་ལམ་མཚམས་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་བཞིན་ཡོད། སྤྱི་ཟླ3པར་ཨར་འདམ་བླུག་ཚར་བ་དང་སྤྱི་ཟླ6པར་ལམ་ངོས་སུ་སྣུམ་སྙིགས་དང་ཞོར་གཏོགས་ལས་གཞི་ལས་ཚར་བའི་འཆར་གཞི་ཡོད་ཅེས་བཤད་པ་རེད།
གཡག་མདོ་ལྕགས་ཟམ་ཁ་སྤྱི་གཉེར་ཁང་གི་ཏང་ཨུ་ཧྲུའུ་ཅི། རྐང་དཔོན་ཞའོ་ཧྥེང་གིས་ལས་ཚན་གྱི་འཕེལ་རིམ་ལ་ཁག་ཐེག་བྱ་ཆེད། ཨར་ལས་སྡེ་ཚན་གྱིས་ལས་ཡུན་ལྡོག་སྒྲིག་དང་ལས་རིམ་བསྟར་སྒྲིག། ཕྱོགས་མང་ལས་སྒྲུབ་བཅས་རྒྱུན་འཁྱོངས་ནས་ཨར་ལས་ཀྱི་སྤུས་ཀ་དང་ཨར་ལས་ཉེན་མེད་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ཤུགས་ཡོད་དགུས་སྐུལ་བཞིན་ཡོད། ད་ཆར་ལམ་ངོས་ལས་གཞི་ལྕགས་ཟམ་ཁའི་ཨར་འདམ་ལམ་གདན་གྱི་བརྒྱ་ཆ46དང་སྣུམ་སྙིགས་འོག་རིམ་གྱི་བརྒྱ་ཆ55དང་འབྲིང་རིམ་གྱི་བརྒྱ་ཆ26.65ལས་ཚར་ཡོད་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ལྕགས་སྲིབ་མྱུར་བགྲོད་གཞུང་ལམ་སྲིབ་སྨད་ལམ་མཚམས་སྤྱི་ལེ33ལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། ད་ལོར་ལྕགས་ཟམ་ཁའི་ལམ་མཚམས་ས་སྒང་ཐང་བསྣོལ་འབྲེལ་ནས་དུང་དཀར་ལུང་པའི་བསྣོལ་འབྲེལ་བར་གྱི་སྤྱི་ལེ45ལ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
ད་ཆར་སྡེ་ཚན་ཁག་གིས་བཀོད་སྒྲིག་ཞིབ་ཚགས་དང་བྱེད་ཐབས་གོ་ཆོད་སྤྱད་པའི་འོག་འགྲིམ་འགྲུལ་ལས་ཚན་ཁག་གི་འཛུགས་སྐྲུན་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།།
( སྐལ་ཐུབ་ཀྱིས་བསྒྱུར།)