国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གནམ་ལོ་གསར་པའི་རང་མདངས་ལྷ་ཆབ་གཡས་འཁྱིལ།

ཞོགས་པའི་སྐྱ་མདའ་དགུང་ནས་མ་བཀྱགས་གོང་།།

ཐོ་རེངས་སྐར་མ་སྨེ་བདུན་མ་ཡལ་གོང་།།

རང་རང་ཁྱིམ་གྱི་བདག་མོ་བཞིན་བཟང་མས།།

རྟེན་འབྲེལ་མཆོད་ཆུ་ལེན་པའི་ངལ་བ་འཛིན།།

ཉི་གཞོན་གསར་པས་འཇིག་རྟེན་སྒོ་མོ་ཕྱེ།།

དྲི་བཞོན་བསེར་བུས་མཁའ་དབུགས་སོ་མ་ཁྱེར།།

སྣོད་བཅུད་ཀུན་ཀྱང་སྐྱེད་ཚལ་གསར་པ་བཞིན།།

འདྲེན་བྱེད་དབང་པོའི་ལམ་དུ་མངོན་པར་མཛེས།།

མདང་ནུབ་གཉིད་ཐུན་ཆགས་པའི་བྱིས་པ་དག།

གྱོན་ཆས་གསར་པས་ངོམ་སོ་རྒྱག་སྙམ་དང་།།

ཀ་ར་འོ་མའི་བཅུད་ལ་གཞིབ་སྙམ་གྱིས།།

སེམས་ཆུང་སྙི་མོ་མ་བཅོས་བྲེད་ཤ་ལངས།།

ནམ་ཞར་འདུ་ཤེས་གསུམ་པས་བྲིད་དག་ཀྱང་།།

དེ་རིང་སྔ་ལོང་སྔ་འཕྱི་རྩོད་པ་བཞིན།།

རྒྱུན་དུ་ལེ་ལོའི་གཞན་དབང་གྱུར་དག་ཀྱང་།།

དེ་རིང་ངོ་འཁྲུད་གོས་ཤམ་འབའ་ཞིག་བྲེལ།།

དབུ་སྐྱེས་བལ་དཀར་ལྟ་བུ་ཕ་ལོ་ཡིས།།

ཕྱོགས་ཀྱི་ལྷ་ལ་བསང་མཆོད་གཏོང་བཞིན་དུ།།

བསངས་དུད་དགུང་དུ་མཆེད་པའི་བསུང་ངད་ཀློང་།།

ཀི་བསྭོའི་ལྷ་སྒྲ་སྒྲོག་པའི་སྣང་བརྙན་མཛེས།།

བཞིན་གྱི་ཆུ་སྐྱེས་རྙིད་པའི་མ་ལོ་ཡིས།།

འབྲི་མོའི་ནུ་ཏོག་ཧར་གྱིས་འཇོ་བའི་ཞོར།།

འོ་ཕུད་དཀོན་མཆོག་ལྷ་ལ་འབུལ་བཞིན་དུ།།

ཇ་སྐྱེམས་ཟས་ཀྱི་སྡེར་ཁ་སྒྲིག་ལ་བྲེལ།།

དགོད་འཛུམ་ལྷང་ལྷང་འཚེར་བའི་གཞིས་ཁྱིམ་ཀློང་།།

དཀར་པོའི་འོ་ཇ་རྔམ་འཐུང་བྱེད་ཞོར་དུ།།

ཁ་གཡང་སྨོན་ཚིག་གཙང་མའི་ལེགས་སྐྱེས་ཀྱིས།།

དབང་མེད་ཡིད་ཀྱི་གུར་ཁྱིམ་གཡོ་བར་བྱེད།།

རང་རང་འབྱོར་བའི་ཚོད་ཀྱིས་གཏོང་བ་ཡི།།

ཤ་མར་ཐུད་ཀྱི་སྡེ་ཁ་སྣུམ་པའི་ཁྲོད།།

དེང་རབས་བཏུང་སིལ་སྐོམ་སྐྱེམས་བསྟར་འདི་ཀོ།།

ནེའུ་གསེང་དྲི་ལྡན་ཚོགས་ཀྱི་དཔལ་ལ་འགྲན།།

མི་ལོ་དུ་མ་བྱེས་སུ་གྱར་བ་ཡི།།

ཐག་རིང་སྤུན་སྲིང་དག་ཀྱང་ལྷན་ཅིག་འཛོམས།།

མ་མཇལ་དབང་གིས་བསྐལ་བའི་གཉེན་མཛའ་དག།

འཚམས་འདྲིའི་ཁ་ཡང་སྐུད་མེད་ལམ་ནས་བརྒྱུད།།

ཕན་ཚུན་མགྲོན་གྱི་འབོད་སྲོལ་ཡི་གར་འོང་།།

གནའ་སྲོལ་ཁ་རླངས་མ་ཡལ་དྲོད་ཁོལ་ལྡན།།

གླུ་གར་རྩེད་འཇོ་གཏམ་དང་ཀུ་རེ་མོད།།

ཁ་འཛུམ་ཁོག་དྲོ་སེམས་ཀྱི་ངལ་དུབ་སངས།།

འདས་པའི་ལོ་ཟླ་དགའ་སྐྱོའི་སྐྱེལ་མ་བཞག།།

བགྲང་བྱ་གསར་པའི་རྟེན་འབྲེལ་མཚོན་ཉིན་འདིར།

འབྱུང་འགྱུར་གཞིས་བྱེས་བདེ་འཚམ་ཡོང་བ་དང་།།

ཤིས་པའི་དགེ་མཚན་ཀུན་ནས་བརྟས་གྱུར་ཅིག།

༼ རྒུན་ཆང་། ༽