བོད་ཀྱི་ལོ་སར།
རི་བོ་གངས་དཀར་ལ་བསང་དུད་ཀྱི་
སྤྲིན་པ་གཡོ།
གཙང་ཆུ་སྔོན་མོ་རུ་མཆོད་པའི་དར་ཁ་འགྲིག།
ངས་བོད་ཀྱི་གནམ་ལོ་གསར་པ་བསུ།
ཕ་ཁུ་ལ་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།
མ་སྲུ་མོ་ལ་བསམ་དོན་འགྲུབ་པའི་ཁ་གཡང་འཐེན།
བོད་ཀྱི་ལོ་སར།
རྩ་གསུམ་བླ་མ་ལ་དད་པའི་མཆོད་པ་འབུལ།
བཙན་བརྗིད་ཀྱི་ཡུལ་ལྷ་གཞི་བདག་ལ་རི་
བསང་རླུང་རྟ་མཆོད།
ངས་བོད་ཀྱི་གནམ་ལོ་གསར་པ་བསུ།
ཕ་མ་དང་ཕུ་ནུ་ལ་སེམས་ཀྱི་མཆོད་གཞས་ལེན།
གྲོགས་པོ་དང་གཉེན་ཉེ་ལ་ལྷན་འཛོམས་
ཀྱི་དགའ་སྟོན་བཤམས།
བོད་ཀྱི་ལོ་སར།
སྐྱིད་ཀྱི་གླུ་དབྱངས་མཐའ་བཞི་
ཀུན་ནས་སྒྲོག།
དགའ་བའི་ཞབས་བྲོའི་སྟངས་
སྟབས་རབ་ཏུ་མཛེས།
བོད་ཀྱི་གནམ་ལོ་གསར་པ་བསུ།
གནམ་ལ་བཀྲ་ཤིས་ཉི་ཟླའི་དཀྱིལ་འཁོར་ཀྱི་
གདུགས་དཀར་ཕུབ།
ས་ལ་བདེ་ལེགས་དཔལ་བཟང་གི་
མེ་ཏོག་ཆར་དུ་སྙིལ།
བོད་ཀྱི་ལོ་སར།
རི་རྩེའི་ཉི་འོད་དང་བསྡོངས་པའི་ཡིག་དྲུག་
གི་མགུར་གླུ་སྙན།
ལྷོ་མཐའི་སྤྲིན་པ་དང་འདྲ་བའི་སེམས་ཀྱི་
རང་མདངས་དཀར།
ངས་བོད་ཀྱི་གནམ་ལོ་གསར་པ་བསུ།
འཛམ་གླིང་ཞི་མཐུན་གྱི་བ་དན་མཐོ་རུ་བཏེགས་
པའི་སྨོན་ལམ་འདེབས།
འཇིག་རྟེན་དུ་བདེ་སྐྱིད་ཀྱི་འོད་སྣང་འབར་བའི་
སྐྱབས་འཇུག་ཞུ།
༼ སྨྱུག་ཞེན། ༽