国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་སར་ལ་ཕུལ་བའི་ཤིས་ཚིག་གསེར་གྱི་ཆབ་ཤོག།

གནམ་ལོ་གསར་པ་ཚེས་པའི་དུས་ཚིགས་ཀྱི་བར་ནས།།

གཡང་ཆགས་མི་ནོར་བཀྲ་ཤིས་རེ་ཁ་དེ་འགྲིག་སྟེ།།

འཇིག་རྟེན་ཞི་བའི་ལྷིང་ལ་གནས་པ་རེ་ཡོང་ནས།།

ཁམས་གསུམ་འཁོར་བའི་གྲོང་ནས་རེ་ཐག་ཅིག་སྨོན་ཡོད།།

སྐོམ་པའི་གདུང་བ་སེལ་བའི་དྭངས་གཙང་གི་ཆུ་བོ།།

ཆུ་ཕུད་ཁྱིམ་དུ་ལེན་བཞིན་སྨོན་ལམ་རང་བཏབ་སྟེ།།

མི་ནོར་གཡང་གི་ཁ་གཡང་མང་བ་རེ་བཏོན་ནས།།

གནམ་ལོ་གསར་ཚེས་དགའ་བའི་འཛུམ་པ་ཡིས་བསུ་འགྲོ།།

ཞོགས་པའི་སྐྱ་རེངས་ལྷན་དུ་སྔ་མོ་རུ་ལངས་ནས།།

ལྷ་ཤིང་ཤུག་པའི་བསང་དུད་དགུང་སྔོན་ལ་བསྒྲོན་ཏེ།།

ལྷ་ཀླུ་ལན་ཅིག་བསྟོད་པའི་ལམ་ཁ་ལ་བརྩོན་ཞོར།།

འགྲོ་ལ་ཕན་བདེ་འབྱུང་བའི་ཀི་བསྭོ་ཞིག་བརྒྱབ་ཡོད།།

ཁ་ཟས་མེས་པོའི་རྒྱུད་པ་སྡེར་ཁ་རུ་བསྒྲིགས་ཤིང་།།

བཅུད་བཟང་མར་དང་གྲོ་མ་ཡང་དག་རེ་མཆོད་ནས།།

ལུས་བཀླུབས་སྲོལ་རྒྱུན་གོས་བཟང་མཛེས་པ་རེ་སྤྲོས་ལ།།

གར་དང་གླུ་ཡི་རྒྱ་མཚོ་སྙན་འཇེབས་རེ་བྱས་ཡོད།།

ཟས་མཆོག་ཐོག་མ་ལྷ་དང་བླ་མ་ལ་མཆོད་ནས།།

བར་དུ་རྒས་དང་ཕ་མར་ཡང་དག་རེ་གསོལ་ཅིང་།།

ལོ་སར་ཚེས་གཅིག་ཉིན་ནས་ཅི་དགའ་རུ་མཛོད་དེ།།

དགའ་སྤྲོ་སེམས་ཁམས་དགྱེས་པའི་ལོ་སར་ཞིག་རོལ་བ།།

མ་དག་ཤོག་སྦག་མེ་ལ་དོན་མེད་དུ་མི་སྒྲོན།།

སྙིང་པོ་དབེན་པའི་ཤོ་བག་དངུལ་འཛུག་དེ་མི་རྩེ།།

ཕ་མ་ལྷན་དུ་སྙན་པའི་སྐད་ཆ་རང་བཤད་དེ།།

ཚེ་གཅིག་ལྷན་འཛོམ་དགོད་སྒྲ་རྣམ་པ་ལ་རོལ་ཤོག།

རྟག་ཏུ་བྲལ་མེད་ཁུར་བའི་ལག་འཕྲིན་གྱི་ཁ་པར།།

ལོ་སར་སྐབས་སུ་མ་གཡེང་ཅུང་ཟད་དུ་བཞག་ནས།།

ཁྱིམ་མི་ལྷན་དུ་སྐྱིད་པའི་ལོ་སར་ཞིག་རོལ་ཏེ།།

ཕན་ཚུན་སྤྲོ་སྣང་ལྡན་པའི་འཚོ་བ་དེ་སྤྱོད་ཤོག།

སྐྱིད་སྐྱིད་གནམ་ལོ་གསར་པ་ཡང་དག་རེ་བསུས་ནས།།

སྤྲོ་སྤྲོ་ལྷན་འཛོམ་འཚོ་བའི་སྐྱིད་པ་རེ་གཏོང་ཞོར།།

མ་འོངས་མི་ཚེ་ནད་མེད་ཞི་བདེ་ཡི་འཇིག་རྟེན།།

ནམ་ཡང་འཆར་བའི་སྨོན་པ་ཡིད་སེམས་ནས་འདེབས་སོ།།

ཡང་དག་སྨོན་པ་ལྡན་པའི་ཤིས་ཚིག་ཅིག་མིན་ཡང་།།

གནམ་ལོ་གསར་པར་ཕུལ་བའི་བཀྲ་ཤིས་ཀྱི་ཁ་གཡང་།།

ཅུང་ཟད་ང་ཡིས་བྲིས་པ་འདི་ལྟར་ཞིག་བརྗོད་དེ།།

ངག་རིག་ཕོ་ཉར་སྐུར་བའི་ཆབ་ཤོག་ཏུ་སྤྲིངས་ཡོད།།

༼ སྙན་རྐང་གླིང་། ༽