国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དུས་བདེ་འཛུགས་སྐྱོང་དང་གཙོ་གནད་ལས་དོན་གྱི2025ལོའི་

འཆར་ལྡན་ཚོགས་འདུ་ཐེངས་གཉིས་པ་འཚོགས།

སྤྱི་ཟླ2ཚེས28ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་བདེ་འཛུགས་སྐྱོང་དང་གཙོ་གནད་ལས་དོན་གྱི2025ལོའི་འཆར་ལྡན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད། ཚོགས་འདུར་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་སྤྱི་ཟླ3པའི་རིང་སྤྱི་ཚོགས་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས། ནགས་རྩྭ་མེ་ཟོན། ཉེན་མེད་ཐོན་སྐྱེད་སོགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་བསྟན་དོན། ལོ་འགོ་བཙུགས་ཚུན་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་།“སྤྱོད་ཚུལ་སྒྱུར། བྱས་རྗེས་འཇོག། སྒྲིག་ལམ་སྲུང་”བའི་ལས་ཀའི་བླང་བྱ་དོན་ལ་ནན་པོར་འཁྱོལ་བ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ལེགས་ཕྱོགས་སུ་འཕེལ་ཞིང་། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་བྱུང་ཡོད། ད་སྔར། རྒྱལ་ཡོངས་ཚོགས་ཆེན་གཉིས་འགོ་འཛུགས་གྲབས་ཡོད་པས། ཚོགས་ཆེན་གཉིས་འཚོག་རིང་གི་གཙོ་གནད་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱས་ནས་ལེགས་པར་བསྒྲུབ་རྒྱུ་ནི་ངེས་པར་དུ་བརྟན་པོར་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཉེན་བསམ་འདུ་ཤེས་བརྟན་པོར་བཅངས་ཤིང་། ད་སྔའི་ལས་དོན་ཁག་ལེགས་པར་སྒྲུབ་པའི་དམིགས་བསལ་གྱི་གལ་ཆེ་བའི་རང་བཞིན་ངོས་འཛིན་གསལ་པོར་བྱས་ཏེ། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་མཐའ་གཅིག་ཏུ་ཁྱད་བསད་བྱེད་ཅིང་། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བསྒྱུར་བ། ཉེན་ཁ་སྔོན་འགོག་དང་། ཉེན་མེད་དང་བརྟན་བརླིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་བ་བཅས་ཀྱི་ལས་དོན་ཁག་ནན་འཛིན་ཞིབ་འཛིན་བྱས་ཏེ། ཁུལ་ཡོངས་ཀྱི་ཆབ་སྲིད་ཉེན་མེད་དང་། སྤྱི་ཚོགས་བདེ་བརླིང་། མི་དམངས་བདེ་སྡོད་བཅས་སྲུང་སྐྱོང་ཤུགས་ཡོད་རྒུས་བྱས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོག་པར་དུས་བདེ་དང་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།

ཚོགས་འདུར་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ་ཕན་ཚུན་མཉམ་སྤེལ་བཟང་པོ་རྒྱུན་འཁྱོང་དགོས་པ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ནགས་རྩྭ་མེ་ཟོན་གྱི་མཐིལ་ཚད་བརྟན་སྲུང་བྱ་དགོས། ཁྱབ་ཁོངས་ཁག་གི་ཉེན་མེད་ཐོན་སྐྱེད་ལས་དོན་ལེགས་པར་བསྒྲུབ་དགོས། དུས་ཚིགས་དང་པོའི་འགོ་ཡག་པོ་བརྩམ་གང་ཐུབ་བྱ་དགོས་པའི་བླང་བྱ་བཏོན།

ཚོགས་འདུར་ནན་བཤད་བྱས་དོན། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་བྱེད་པོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། ལས་ཀ་ཁག་གི་སྒྲིག་ལམ་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱ་དགོས། ཏང་སྲིད་ཀྱི་མགོ་ཁྲིད་རྒན་པས་མ་སྐུལ་དང་བླངས་ཀྱིས་འགན་འཁུར་བ་དང་པོའི་འགན་འཁྲི་བསྒྲུབས་ཏེ་དངོས་སུ་བཀོད་སྒྲིག་དང་མདུན་ཕྱོགས་སུ་བཀོད་འདོམས་བྱ་དགོས། ཁུལ་རིམ་པའི་མགོ་ཁྲིད་དང་ཁུལ་ཐད་གཏོགས་སྡེ་ཚན་གྱིས་ཡུལ་དངོས་སུ་བཅའ་སྡོད་བྱས་ཏེ་མཛུབ་ཁྲིད་དང་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ཁག་ལ་མཐའ་མའི་ཕན་འབྲས་ཐོན་རྒྱུར་ཁྱོན་ཡོངས་ནས་བསྐུལ་དགོས། ལས་རེས་ལས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆུ་ཚོད24རིང་ལས་རེས་ལམ་ལུགས་དང་མགོ་ཁྲིད་ཀྱི་ལས་ཁྲིད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། དོན་དག་གལ་ཆེན་གོང་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། ཆ་འཕྲིན་ཤར་གཏོང་དང་དུས་ཐོག་བརྡ་ལེན་ཐུབ་པའི་འགན་ལེན་བྱས་ཏེ། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་བརླིང་ཡིན་ཞིང་གོ་རིམ་ལྡན་པའི་རྣམ་པ་བཟང་པོ་ཞིག་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས།

ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུ་བརྒྱུད་ནས་རྫོང(གྲོང་ཁྱེར)ཁག་ལ་འཚོགས་ཡོད། འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོར་ཞུགས་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)