国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་རླངས་དབྱང་དྲོད་གསུམ་འདོན་པའི་གྲོང་རྡལ་གྱི་གནས་འཕྲོད་ལས་གཞིའི་སྐུལ་འདེད་ཚོགས་འདུར།

ངོས་འཛིན་ཆེ་རུ་གཏོང་ཞིང་རང་སྐུལ་ངང་ལས་བྱས་ཏེ། མཐོ་སྒང་གི་གནས་འཕྲོད་ཆ་རྐྱེན་སྔར་བས་ལེགས་སུ་གཏང་དགོས་ཞེས་གསུངས།

སྤྱི་ཟླ2པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་སོལ་རླངས་དང་འཚོ་དབུགས། དྲོད་བཅས་འདོན་པའི་གྲོང་རྡལ་གྱི་གནས་འཕྲོད་ལས་གཞིའི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ལས་ཀ་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་ལ་གསན་འཇོག་དང་གཙོ་གནད་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ནས། དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་མཐའ་གཅིག་ཏུ་ཁྱད་བསད་དང་། ངོས་འཛིན་ཆེ་རུ་གཏོང་ཞིང་རང་སྐུལ་ངང་ལས་བྱས་ཏེ། གྲོང་རྡལ་གྱི་གནས་འཕྲོད་ལས་གཞིའི་ལས་དོན་ཁག་སྐུལ་འདེད་མགྱོགས་སུ་གཏང་དགོས་ཞེས་ནན་གསུང་གནང་།

ཧྥུང་ཧྥ་ཀུའེ་ཡིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་འཕྲོད་ལས་གཞི་ལག་ལེན་བསྟར་བ་ནས་བཟུང་སྡེ་ཚན་ཁག་གིས་མཐུན་སྦྱོར་གང་ལེགས་དང་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་འཕྲོད་ལས་གཞི་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་མོད། འོན་ཀྱང་བསམ་བློའི་ངོས་འཛིན་དང་ལས་ཀའི་རིམ་པ་སོགས་ཀྱི་ཐད་ལ་ད་དུང་མི་འདང་ས་ཀྱང་ཡོད་ཅེས་བསྟན་པ་དང་། ཁོང་གིས་ངོས་འཛིན་ཆེ་རུ་གཏང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་འཕྲོད་ལས་གཞི་ལག་ལེན་བསྟར་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལག་ལེན་བསྟར་བའི་བྱ་ཐབས་ཞིབ་ཕྲ་ཞིག་ཡིན་ལ། གྲོང་མིའི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་བ་དང་ཡུལ་སྐོར་བའི་མྱོང་རོལ་ཚོར་སྣང་ཆེ་རུ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། རིམ་པ་ཁག་དང་སྡེ་ཁག་དང་། ལྷག་པར་དུ་རྫོང(གྲོང་ཁྱེར)ཁག་གི་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་རྣམས་ཀྱིས་དངོས་སུ་དམ་འཛིན་དང་དབྱེ་ཞིབ། ཞིབ་འཇུག་བཅས་བྱས་ཏེ། བྱ་སྤྱོད་ཇུས་གཞི་བཟོ་བ་དང་བྱ་ཐབས་ཞིབ་ཕྲ་བཏོན་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་འཕྲོད་ལས་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱ་དགོས། རང་སྐུལ་གྱིས་ལས་དོན་བསྒྲུབ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་འཕྲོད་ལས་གཞི་གཙོ་འཛིན་དང་འགན་སྲུང་སྡེ་ཚན་གྱིས་འགན་ནུས་དང་ཟུང་དུ་སྦྲེལ་ནས། མ་སྐུལ་དང་ལེན་ངང་བསམ་གཞིག་བྱས་ཏེ་ལས་ཀའི་ཁྲོད་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་དགོས། ལས་གཞི་མགྱོགས་སུ་གཏང་དགོས། 2023ལོ་ནས2025ལོ་བར་གྱི་ཉེ་དུས་འཆར་འགོད་ཀྱི་དམིགས་འབེན་ལས་འགན་ལ་དམིགས་ཏེ། དམིགས་ཚད་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་དོན་འཁྱོལ་དམ་འཛིན་བྱས་ནས་ཅི་ཐབས་གང་དྲག་གིས་ལས་གཞིར་སྐུལ་འདེད་བཏང་སྟེ་ལོ་མཇུག་ཏུ་ཉེ་དུས་འཆར་འགོད་དམིགས་འབེན་མངོན་དུ་འགྱུར་བའི་འགན་ལེན་བྱ་དགོས། ལས་ཚན་འཆར་འགོད་དང་འཛུགས་སྐྲུན། འཁོར་སྐྱོད་ལེགས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)