དུས་རབས་གསར་པའི་བསྒྱུར་བཅོས་ཀྱི་དཔྱིད་རླུང་འཇམ་པོ་རི་ལུང་ཀུན་ཏུ་ལྡང་བ་ན་གྲོང་སྡེའི་གཞོན་ནུ་ཡོན་ཧྥུ་ཧྲེང་གིས་གོ་སྐབས་དམ་དུ་འཛིན་ནས་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ཏེ་ཕ་ཡུལ་གྱི་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་དན་བྱ་རྒྱུའི་སེམས་ཐག་བཅད་པ་རེད།
འོ་མ་བཞུར་བ་དང་དབྱར་རྩྭ་དགུན་འབུ་རྐོ་བ།ཤ་མོ་འཐུ་བ།སྟར་ཀ་སྒྲུག་པ་སོགས་ཡོན་ཧྥུ་ཧྲེང་གི་འཁྱུག་དབྱིངས་ནང་གི་བརྙན་ཐུང་བརྩམས་ཆོས་རེ་རེས་སྨད་ཤོད་གྲོང་སྡེའི་ཁྱད་ཆོས་མངོན་པ་རེད།
2019ལོར་གྲོང་མི་རྣམས་ལ་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་རོགས་བྱ་ཆེད། མཐོ་འབྲིང་ནང་སློབ་གཉེར་བྱེད་བཞིན་པའི་ཡོན་ཧྥུ་ཧྲེང་གིས་དབྱར་ཁའི་གུང་གསེང་སྤྱད་དེ་ཁྲེང་ཏུའུ་སོགས་སུ་ཕ་ཡུལ་གྱི་ཁྱད་ཆོས་ཐོན་རྫས་ཁྱབ་གདལ་བཏང་བ་རེད།འོན་ཀྱང་བྱ་ཐབས་དེ་རིགས་ཀྱི་ནུས་པ་དེ་ཙམ་ཆེན་པོ་མེད་པ་རེད། སློབ་ཆེན་ནས་ཐོན་རྗེས་ཡོན་ཧྥུ་ཧྲེང་བརྙན་ཐུང་དང་འབྲེལ་འདྲིས་བྱས་ཏེ་ཆེད་ལས་ཀྱང་སྨྱན་སྦྱོར་གསར་པ་དང་འབྲེལ་བ་ཡོད་པས། བརྙན་ཐུང་ལ་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད་པར་མ་ཟད། གྲོགས་པོ་ཚོ་དང་མཉམ་དུ“ཕུགས་འདུན་མངོན་འགྱུར”ཞེས་པའི་ཚོགས་པ་བཙུགས་པ་རེད། 2022ལོའི་དབྱར་ཁའི་གུང་གསེང་སྐབས“ཕུགས་འདུན་མངོན་འགྱུར”ཚོགས་པས་སྨད་ཤོད་གྲོང་སྡེའི་སྐོར་གྱི་བརྙན་ཐུང་དངོས་སུ་ཕབ་ལེན་བྱེད་འགོ་བཙུགས་པ་རེད།
བརྙན་ཐུང་ཐོག་མ་དེ་སྤེལ་གཏོང་བྱས་མ་ཐག་གཞན་གྱིས་བསྟོད་བསྔགས་མང་པོ་ཐོབ་ནས་སེམས་ཁྲལ་ལྷོད་དུ་བཏང་སོང་ཞེས་ཡོན་ཧྥུ་ཧྲེང་གིས་དེ་ལྟར་བཤད་པ་དང་།བརྙན་ཐུང་ལ་བཞུར་ཚད་ངེས་ཅན་ཞིག་བྱུང་རྗེས། གནས་མཆོག་དཀར་མཛེས་གློག་རྡུལ་ཚོང་ལས་སྟེགས་བུས་ཁོ་བཙལ་ནས་ཚོང་ཟོག་ཁྱེར་རོགས་ཞུས་པས་ཁོ་རང་ལ་སྐུལ་ལྕག་ཆེན་པོ་ཐེབས།ཉག་ཆུ་རྫོང་གི་ཤ་མོ་བཙོང་བའི་ཐད་གཏོང་ཁོ་ན་ལས་སྒོར་ཁྲི20ཙམ་གྱི་དན་ཐོ་ལེགས་གྲུབ་བྱུང་བས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་རམ་ཆེན་པོ་ཐོབ་པ་རེད། དེས་མ་ཚད་ཡོན་ཧྥུ་ཧྲེང་གི་བརྙན་ཐུང་གིས་ཡུལ་སྐོར་བ་དང་གྲོགས་པོ་མང་པོའི་ཡིད་དབང་བཀུག་ནས་གཅིག་རྗེས་གཉིས་མཐུད་ངང་ཁོ་ལ་ཡུལ་སྐོར་ལམ་ཐིག་འཆར་འགོད་བྱས་ཏེ་སྨད་ཤོད་གྲོང་སྡེའི་མཛེས་སྡུག་ལ་རོལ་མྱོང་བྱ་བར་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
འཇོན་ནུས་ལ་ཚད་ཡོད་ཀྱང་དེ་ནི་འགོ་བརྩམས་ས་ཡག་པོ་ཞིག་རེད་ཅེས་ཡོན་ཧྥུ་ཧྲེང་གིས་གསར་འགོད་པར་དེ་ལྟར་བཤད་ཅིང་།ད་ཡོད་ཀྱི་གྲུབ་འབྲས་ཕྲན་བུ་ནི་དཀའ་ཚེགས་སྡུག་རུས་ཁོ་ན་ལས་ཐོབ་པ་ཡིན་ལ།མ་འོངས་པར་འགན་འཁྲི་འདི་སེམས་ལ་བཟུང་ནས་རང་ཉིད་ཀྱིས་མི་མང་པོ་ཞིག་ལ་སྨད་ཤོད་གྲོང་སྡེ་ཤེས་སུ་འཇུག་རྒྱུ་དང་།གྲོང་མི་ཚོའི་ཡོང་འབབ་འཕར་སྣོན་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ།དེ་མིན་རང་ཉིད་ཀྱི་ཆེད་ལས་རྩལ་ནུས་དང་མིག་རྒྱང་བསམ་གཞིགས་དེ་བས་རྒྱ་བསྐྱེད་དེ་སྨད་ཤོད་གྲོང་སྡེའི་ནང་སྐྱེས་མི་མངོན་པའི་སྟོབས་ཤུགས་མུ་མཐུད་སྐུལ་འདེད་བཏང་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་དང་།རིག་གནས།ཞིམ་ཟས་སོགས་ཀྱི་གཞི་རྒྱུའི་སྟེང་ནས་འགོ་བཙུགས་ཏེ། དེ་བས་མཚོན་བྱེད་རང་བཞིན་གྱི་བརྙན་ཐུང་གང་མང་མང་བཟོ་རྒྱུ་ཡིན་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)