国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་རིག་གནས་ཡུལ་སྐོར་ཁྲོམ་རའི“འགོ་འཛུགས་ལེགས་པོ” བྱུང་བ་དང“འཕར་སྣོན་གཉིས”མངོན་དུ་གྱུར།

འབའ་ཐང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱེད་སྒོའི་ཡུལ་དངོས།

2025ལོའི་དཔྱིད་གསར་དུས་ཆེན་དང་བོད་ལོ་སར། དེ་བཞིན་ལྒང་ཞུའི་དུས་ཆེན་བཅས་ཀྱི་རིང་ལ་སི་ཁྲོན་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཁྲོམ་ར་ནས་གཏམ་བཟང་ཡང་ཡང་གྲགས། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི171.18ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི187298.12ལ་ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ26.17དང་བརྒྱ་ཆ25.71སོ་སོར་འཕར་ནས་ལོ་གསར་པར“འགོ་འཛུགས་ལེགས་པོ”བྱུང་ཡོད། གུང་གསེང་རིང་ཁུལ་ཡོངས་ཀྱིAརིམ་པ་ཡི་ཡུལ་སྐོར་ལྗོངས་ཁུལ་དུ་སྒོ་འཛིན་ལྟ་སྐྱོང་དང་རིན་གཅོག་སྲིད་ཇུས་མང་པོ་ལག་ལེན་བསྟར་བ་དང་དེ་བཞིན་གུང་གསེང་ཉིན་དང་པོར་ཁྱིམ་མི་མཉམ་དུ་འཛོམས་ནས་ཡུལ་སྐོར་འགྲོ་མཁན་ཉུང་བ་སོགས་ཀྱི་ཤུགས་རྐྱེན་མང་པོ་ཐེབས་ཡང་སྔར་བཞིན་ཡུལ་སྐོར་བ་ཁྲི34.17ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི353.76བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ21.82དང་བརྒྱ་ཆ19.14སོ་སོར་འཕར་ཡོད་པ་རེད།

གྲུབ་འབྲས་འདི་འདྲ་ཐོབ་པ་ནི་དཀར་མཛེས་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་རིག་གནས་གཙིགས་སུ་འཛིན་པ་དང་སྐྱེ་ཁམས་རྨང་གཞིར་བྱེད་པ། གསར་གཏོད་ལ་མཐོང་ཆེན་བྱེད་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ཇུས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། དཀར་མཛེས་ཁུལ་གྱིས་ཚད་དཔོག་གནད་ལ་འཁེལ་བར་གཏན་འབེབས་དང་ཐོན་ཁུངས་སྡེབ་སྒྲིག། ཚོང་གཉེར་གསར་གཏོད། སྤུས་ལེགས་ཞབས་ཞུ་བཅས་བརྒྱུད་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་རེད།

གུང་གསེང་རིང་། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྲོམ་རར་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་ཁྱད་ཆོས་རབ་ཏུ་མངོན།ཤར་རྒྱུད་ས་ཁུལ་གྱི“གངས་དཀར་རི་བོའི་ས་ཁུལ་གྱི་མིའི་རིག་གནས་ཡུལ་སྐོར་བྱ་ཡུལ”ལ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞི་ལ་བརྟེན་ནས་ཡུལ་སྐོར་བ་ཁྲི89.28ལ་སྣེ་ལེན་བྱས་པ་དེས་ཁུལ་ཡོངས་ཀྱི་སྣེ་ལེན་བསྡོམས་འབོར་གྱི་བརྒྱ་ཆ79.18ལ་ཟིན་ཡོད་པ་རེད། དེ་དང་ཆབས་ཅིག་དུང་དཀར་ལུང་པའི་ས་འགུལ་རྗེས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་སླར་གསོ་བྱུང་ནས་ཡུལ་སྐོར་བ་ཁྱོན་ཁྲི7.16ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི7827.36བྱུང་ནས་དམིགས་ཚད་གཉིས་དུས་མཚུངས་ལས་ལྡབ2.3འཕར་ཡོད་པ་རེད།

ཡུལ་སྐོར་བ་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་དགོས་མཁོ་བསྐང་ཆེད། དཀར་མཛེས་ཁུལ་གྱིས་དགུན་དུས་ཡུལ་སྐོར་ཐད་འབད་བརྩོན་གང་ལེགས་བྱས། དགུན་དུས་ཡུལ་སྐོར་གྱི་ལམ་ཐིག་སྤུས་ལེགས་མང་པོ་བཏོན་པར་མ་ཟད་དགུན་དུས་ཡུལ་སྐོར་གྱི་རྣམ་པ་གསར་པ་དང་རྣམ་གྲངས་གསར་པ་གསར་དུ་བསྣན། དཔེར་ན། ལོ་སར་ཡུལ་སྐོར་དང་གཉེན་འཕྲད་ཡུལ་སྐོར། “སྤྲོ་གསེང་ཆུང་ངུ་།” གསར་བརྗེའི་ཡུལ་སྐོར། གཟུགས་མེད་རིག་གནས་ཤུལ་བཞག་ཉམས་ལེན་ཡུལ་སྐོར་སོགས་འཛད་སྤྱོད་གདམ་ག་གཙོ་བོར་གྱུར།

གཞན་ཡང་དཀར་མཛེས་ཁུལ་གྱིས་ད་དུང་སྤུས་ཚད་མཐོ་བའི་མཁོ་སྤྲོད་བརྒྱུད་དེ་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་བཏོད་ཡོད། ཟླ་བ་དང་པོར། རང་ཁུལ་གྱིས“མཐར་པ་དང་མཉམ་དུ་དཀར་མཛེས་ཁུལ་དུ་ཡུལ་སྐོར་འགྲོ”ཞེས་པའི་དགུན་ཁའི་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ནས་དགུན་ཁའི་ཉི་འོད་དྲོན་མོ་དང་གངས་ལ་ཉི་མ་ཤར་བ། གངས་འཁྱགས་ཀྱི་འཇིག་རྟེན། ཆུ་ཚན་གྱི་གནས་མཆོག་དང་ཁྱད་ལྡན་་ཟས་ཞིམ་སོགས“ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྔར”དམིགས་ནས་དར་མདོ་དང་ལྕགས་ཟམ་ཁ། རོང་བྲག། དུང་དཀར་ལུང་པ་སོགས་ས་གནས་ཀྱི་མགྲོན་ཁང་དང་གནས་ཚང་བརྒྱ་ལ་ཉེ་བས “ཆུ་ཚན་སྒོ་འཛིན་དང་གནས་ཚང་མང་པོར་རིན་པ་མི་དགོས་པའི”གཟེངས་ཤབས་བྱེད་སྒོ་སྤེལ། ཡུལ་སྐོར་བ་ཚོས་གཞུང་ཕྱོགས་ཀྱི་གཟེངས་ཤབས་བསྒྲིགས་རིམ་ཆུང་བ་དང་ཡང་ན་དཀར་མཛེས་རིག་གནས་ཡུལ་སྐོར་གྱི་འཕྲིན་སྟེགས་བརྒྱུད་ནས་བྱ་དགའ་ལེན་པར་ཞུགས་ཆོག་པ་དང་བྱེད་སྒོ་དེ་སྤྱི་ཟླ3པའི་ཚེས31ཉིན་བར་རྒྱུན་མཐུད་དེ་སྤེལ་རྒྱུ་རེད། དེ་དང་ཆབས་ཅིག་རང་ཁུལ་གྱིས་ད་དུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རིག་གནས་ཡུལ་སྐོར་པུའུ་ཡིས་མཉམ་དུ་སྒྲིག་འཛུགས་བྱས་པའི་2025ལོའི“གློག་བརྙན་དང་མཉམ་དུ་ཡུལ་སྐོར་ལ་བསྐྱོད་པའི”བྱེད་སྒོར་ཧུར་ཐག་གིས་ཞུགས་པ་དང་གློག་བརྙན《ནེ་ཀྲ2》པའི་དྲིལ་བསྒྲགས་ཀྱི་ཚ་རླབས་ལ་བརྟེན་ནས་གསར་འཆར་གྱི་བརྙན་ཐུང་རབ་དང་རིམ་པ་ཁྱབ་བསྒྲགས་བྱས། དེ་ལས“དཀར་མཛེས་འཕྱི་བས་གློག་བརྙན《ནེ་ཀྲའི》འཁྲབ་ཁྲིད་པར་བདེན་དཔང་བྱེད”ཅེས་པ་དང “དཀར་མཛེས་ཁུལ་དུ་འཕྱི་བ་འདུལ་དུ་ཤོག”སོགས་བརྙན་ཐུང་ལ་དྲྭ་ལམ་ཁག་ནས་མི་མང་པོའི་དོ་ཁུར་ཐོབ་པར་མ་ཟད་ཞིང་ཆེན་གཙོ་རྒྱུན་འཕྲིན་སྦྱོར་གྱིས་དོ་སྣང་ཆེན་པོ་བྱས་ཡོད། ཞིན་ཧྭ་ཉིན་རེའི་གློག་འཕྲིན་གྱིས་འབྲེལ་ཡོད་བརྙན་ཐུང་བརྒྱུད་བསྐུར་བྱས་པས་དཀར་མཛེས་ཁུལ་གྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འགུག་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

དཀར་མཛེས་ཁུལ་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས། དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། གསེར་རྟ་རྫོང་། ཕྱག་ཕྲེང་རྫོང་སོགས་སུ་དམངས་སྲོལ་བྱེད་སྒོ་ཁྱོན་བསྡོམས་ཐེངས117སྤེལ་ནས་དུས་རབས་གསར་པའི་ཁམས་པའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་དང་སྤོབས་པ་མངོན་པ་རེད། དེ་ལས་འབའ་ཐང་རྫོང་ནི་རིག་གནས་ཡུལ་སྐོར་པུའུ་ཡིས2025ལོའི་དཔྱིད་གསར་དུས་ཆེན་གྱི“གྲོང་ཚོའི་དགོང་ཚོགས”དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་དུ་བདམས་པ་དང་། བྱེད་སྒོ་གཞི་ཁྱོན་ཆེ་བ་དང་མི་གྲངས་མང་བ། ལེ་ཚན་རིང་བ་བཅས་རེད། རྒྱལ་ཁབ་སྤྱི་པའི་རིག་གནས་དྲ་བ་སོགས་སྟེགས་བུ་མང་པོ་བརྒྱུད་ནས་དུས་མཉམ་དུ་ཐད་གཏོང་བྱས་པས“གནས་མཆོག་དཀར་མཛེས་ཁུལ”གྱི་གྲགས་རྟགས་གཟུགས་བརྙན་སྔར་བས་གསོན་དུ་ཕྱིན་ཡོད།

དར་མདོ་གྲོང་ཁྱེར་མཛའ་གཞས་ཐང་ཆེན་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་བྲོ་རེས་མོས་ངང་འཁྲབ་སྟོན་བྱས་པ་དང་། ཡུལ་སྐོར་བ་ཚོས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་སྤྲོ་དགའི་དུས་ཆེན་ལ་རོལ་བཞིན་རིག་གནས་ཀྱི་གསོལ་སྟོན་ལོངས་སུ་སྤྱད། ཧར་པིན་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀྲང་ལགས་ཀྱིས་དར་མདོའི་རིག་རྩལ་འཁྲབ་སྟོན་གྱི་དམངས་སྲོལ་བྱེད་སྒོར་བལྟས་རྗེས“དར་མདོའི་མཛའ་གཞས་སྐད་གྲགས་ཆེ་བས་ང་དང་ངའི་མཛའ་མོ་གཉིས་ཧར་པིན་ནས་རླངས་འཁོར་བསྐོར་ཏེ་གནས་འདིར་མི་རིགས་རིག་གནས་མྱོང་རོལ་བྱེད་དུ་ཡོང་བ་ཡིན། ལེ་ཚན་འདི་དག་ལ་དོན་སྙིང་ཧ་ཅང་ཆེན་པོ་འདུག། ངའི་ཕ་ཡུལ་དུ་དམངས་སྲོལ་འདི་འདྲ་མེད་པས་རྗེས་མར་ད་དུང་ཡོང་རྒྱུ་ཡིན”ཞེས་བཤད།

དུས་ཆེན་རིང་། དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་བཅས་ཀྱི་དཔྱིད་གསར་དུས་ཆེན་གུང་གསེང་ལས་དོན་སྐོར་གྱི་བཀོད་སྒྲིག་དོན་ལ་འཁྱོལ་ནས་ཡུལ་སྐོར་སྣེ་ལེན་དང་རིག་གནས་ཞབས་ཞུའི་ལས་དོན་ཏན་ཏིག་སྤེལ། དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཁྲོམ་ར“ཉེན་མེད་དང་སྒྲིག་ཡོད། སྤུས་ཚད། ཕན་འབྲས། ཚུལ་ལྡན”བཅས་གཅིག་གྱུར་གྱི་དམིགས་ཚད་ལྔ་མངོན་འགྱུར་བྱུང་བ་དང་ཁུལ་ཡོངས་ཀྱི་ཁྲོམ་རའི་སྒྲིག་ལམ་སྤྱིའི་ཆ་ནས་བཟང་པོ་ཡོད་པ་དང་བདེ་འཇགས་དོན་རྐྱེན་ཚབས་ཆེན་དང་ཡུལ་སྐོར་ཞུ་གཏུག་བྱུང་མེད།

དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་དཔྱིད་གསར་དུས་ཆེན་དང་བོད་ལོ་སར། དེ་བཞིན་ལྒང་ཞུའི་དུས་ཆེན་བཅས་ཀྱི་གུང་གསེང་རིང་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པོ་བྱུང་བས2025ལོའི་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བར་འགོ་ཡག་པོ་ཞིག་བཙུགས་པ་རེད། ཕྱིན་ཆད་དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་ཡུལ་གཏོད་རྒྱུའི་དམིགས་འབེན་ལ་མུ་མཐུད་དམིགས་ནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏང་བ་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་རྒྱུ་ཡིན་ཞེས་བཤད་དོ།།( རྟ་མགྲིན་རྡོ་རྗེས་བསྒྱུར།)