国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཤིས་ཚིག་མཆོད་སྤྲིན་དཀར་པོ།

ནམ་མཁའི་བཞིན་ལ་འོད་ཀྱི་འཛུམ་རིས་ཤར།།

ས་གཞིའི་པང་ལ་དགོད་པའི་འབྲུག་སྒྲ་ལྡིར།།

མཐོན་པོའི་རི་རྩེར་སྤྲིན་པའི་ཁ་བཏགས་གཡོགས།།

དམའ་མོ་གཞུང་ལ་ཆུ་བོའི་དགེ་ལེགས་འཕེལ།།

མཐོ་བརྗིད་བླ་མའི་མཛད་འཕྲིན་གཙང་པོའི་རྒྱུན།།

དྲིན་ཆེན་ཕ་མའི་སྐུ་ལུས་རི་རྒྱུད་བརྟན།།

ཤེས་སྩོལ་སློབ་དཔོན་ཉི་ཟླའི་གཟི་བྱིན་འབར།།

ཚེ་ཡི་གྲོགས་བཟང་དགུང་གི་སྐར་མར་བཀྲ།།

སྟེང་ཕྱོགས་ལྷ་ལ་འཚེ་ཡི་འཇིགས་པས་འབེན།།

སྨད་ཕྱོགས་ཀླུ་ལ་རིན་ཆེན་ནོར་གྱིས་ཕྱུག །

རྨིག་བཞི་སྒོ་ཟོག་གཡང་གི་འཕེལ་ཁ་དར།།

འགྲོ་མི་གང་ཟག་མི་ཡི་ལོངས་སྤྱོད་འཕེལ།།

དགུང་གི་ནམ་མཁའི་བང་རིམ་བཅོ་བརྒྱད་ནས།།

འཛུམ་པའི་གཡུ་འབྲུག་འཁྱུག་ཅིང་ངར་སྒྲ་སྒྲོག །

འཇིག་རྟེན་འཚེ་བའི་ནད་རིགས་ཇི་སྙེད་པ།།

མ་ལུས་རང་སར་གྲོལ་ཤོག་བཀྲ་ཤིས་འཕེལ།།

སྐྱིད་པའི་ཉི་གཞོན་གངས་རིའི་སྤོ་ལ་འཕྲོས།།

དགའ་བའི་གླུ་ཆུང་གངས་ཅན་བོད་ལ་ཁྱབ།།

མཛེས་པའི་སེམས་པར་འཕྱོར་སྒེག་རྒྱན་གྱིས་སྤྲོས།།

སྤྲོ་བའི་མི་དག་ཚེ་བསོད་རླུང་རྟ་དར།།

རྒན་པ་རྣམས་ལ་ནད་མེད་ཚེ་རིང་ཤོག །

གཞོན་པ་རྣམས་ལ་ཤེས་དཔལ་གཤོག་རྩལ་རྒྱས།།

བཙུན་པ་རྣམས་ལ་དམ་ཆོས་དངོས་གྲུབ་ཐོབ།།

ཁྱིམ་པ་རྣམས་ལ་འབྱོར་བའི་དཔལ་འཕེལ་ཤོག །

༼ ཉག་ཕྲན། ༽