( པར་ངོས་དང་པོར་མཐུད།)ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་སྐབས་ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་འགྲིལ་བའི་ལོ་ཡིན་ལ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྟོབས་ཤུགས་བསྡུ་རུབ་བྱེད་པའི་ལོ་ཞིག་ཀྱང་ཡིན། དམིགས་བསལ་གྱི་ཁོར་ཡུག་འདི་འདྲའི་འོག། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོག་ཉེར་ཡོད་པ་དེ་ནི་རྒྱལ་ཡོངས་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཐེངས་འདིའི་ཚོགས་ཆེན་ཡག་པོ་འཚོག་པ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་དང་འབད་འབུངས་ཤུགས་འདོན་དང་ཧུར་བརྩོན་མདུན་སྐྱོད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་ཧུར་ཐག་བྱ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།
ཝང་ཞའོ་ཧུའེ་ཡིས་བསྟན་དོན། སི་ཁྲོན་འཐུས་མི་ཚོགས་པའི་འཐུས་མི་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཚོའི་མངགས་བཅོལ་ཆེན་པོ་ཕྲག་ཏུ་ཁུར་ཡོད་པས་འགན་འཁྲི་གཟི་བརྗིད་ལྡན་ཞིང་གལ་ཆེན་ཡིན། དར་ཆ་གསལ་པོས་ཆབ་སྲིད་ལ་རྩིས་མཐོང་བྱེད་པ་དང་། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་དགོས་པ་དང་། ཁྲིམས་ལྟར་འགན་སྒྲུབ་དང་འགན་འཁྲི་ཡང་དག་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཏན་ཏིག་སྤར་དགོས། ཏང་དང་མི་དམངས་ལ་ཚད་མཐོན་པོས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཚོགས་ཆེན་ནང་ཧུར་ཐག་ཞུགས་ཏེ། ཁྲིམས་ལྟར་འཐུས་མིའི་དབང་ཆ་སྤྱད་དགོས། ཁྲིམས་བཀོད་གོ་རིམ་བརྒྱུད་དེ་ཏང་གི་འདོད་ཚུལ་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་ཏེ། ཏང་གི་ཐབས་ཇུས་གལ་ཆེན་བདེ་བླག་ངང་མངོན་འགྱུར་ཡོང་བར་ཁག་ཐེག་བྱ་དགོས། འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་ལེགས་པོ་བསྒྲུབ་རྒྱུར་ཤུགས་བསྣན་ཏེ། ཚོགས་ཆེན་གྱི་གཙོ་དོན་ལ་དམ་པོར་དམིགས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ལ་ལྟ་བ་དང་དོན་ཆེན་གྲོས་བསྡུར། དོན་དངོས་གཞིར་བཟུང་བ། ཐབས་ཇུས་བཟང་པོ་འབུལ་བ་བཅས་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་བར་སྐུལ་འདེད་གཏང་རྒྱུར་གཙོ་གནད་དུ་དམིགས་ཤིང་། གཙོ་གནད་ལས་དོན་ལ་དམིགས་ཏེ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་མཐར་ཕྱིན་བྱས་ནས་སྤུས་བཟང་གྲོས་གཞི་དང་གྲོས་འགོ་འདོན་ཞིང་། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཡག་པོ་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བློ་གྲོས་སྟོབས་ཤུགས་དེ་བས་མང་བ་བྱས་རྗེས་སུ་འབུལ་དགོས། རང་གཅུན་ནན་པོ་དང་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་སྙིང་དོན་ལག་བསྟར་ནན་ཏན་དང་། ཚོགས་ཆེན་གྱི་ཚོགས་སྲོལ་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་དང་ཚོགས་ཆེན་གྱི་གཏན་འབེབས་དང་བླང་བྱ་ཁག་ལག་བསྟར་ནན་པོ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཚོགས་འདུ་ཡག་པོ་འཚོག་དགོས། དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ་གཟུགས་བརྙན་སྟོན་ཤུགས་ཆེ་རུ་གཏོང་ཞིང་། སི་ཁྲོན་དྲིལ་བསྒྲགས་དང་ངོ་སྤྲོད་ཧུར་ཐག་བྱེད་པ། སི་ཁྲོན་གྱིས་གཙོ་འཛིན་གྱི་མངགས་བཅོལ་བློར་བརྟན་པོར་ངེས་ནས་དྲིན་དྲན་ཧུར་བརྩོན་བྱེད་པའི་བྱ་སྤྱོད་དངོས་གང་ལེགས་མཚོན་པ་དང་། ས་ཁུལ་དེ་ག་དང་སྡེ་ཚན་སྡེ་ཚན་དེ་ག་བཅས་ཀྱི་འབད་བརྩོན་དངོས་སྒྲུབ་ཀྱི་བྱ་ཐབས་ནུས་ལྡན་དང་དངོས་སྒྲུབ་གྲུབ་འབྲས་གང་ལེགས་མཚོན་པ་དང་། སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་སྔོན་དཔག་ལེགས་སུ་གཏང་རྒྱུར་ཁྲིད་སྟོན་བྱས་ཏེ་ཡར་རབས་ཚུལ་ལྡན་གྱི་གླེང་ཕྱོགས་ཁོར་ཡུག་ཅིག་སྐྲུན་གང་ཐུབ་བྱ་དགོས།།( ལྷ་འཛོམས་ཀྱིས་བསྒྱུར།)