国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས།

( པར་ངོས་དང་པོར་མཐུད།)ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དགུ་པར་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ་དེས་ང་ཚོས་དུས་རབས་གསར་པའི་རྒྱབ་ལྗོངས་འོག་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱ་རྒྱུ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་སྲུང་སྐྱོང་བྱེད་པར་རྩ་བའི་བརྩི་སྲུང་འདོན་སྤྲོད་གནང་པ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ནི་གནས་ལུགས་བཙན་པོ་དང་བདེ་འཇགས་ཀྱང་གནས་ལུགས་བཙན་པོ་ཡིན་པའི་འདུ་ཤེས་བརྟན་པོ་བཅང་དགོས། མ་ལག་གི་བསམ་གཞིགས་རྒྱུན་འཁྱོངས་པ་དང་ཚུགས་གནས་སྔར་ལས་མཐོ་བ། ཤུགས་སྔར་ལས་ཆེ་བའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། གནོད་འགོག་དང་གནོད་སེལ།གནོད་སྐྱོབ། ཐོན་སྐྱོད་ཉེན་མེད། བཟའ་བཅའ་དང་སྨན་རྫས་ཉེན་མེད། དྲྭ་རྒྱ་ཉེན་མེད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་དང་ནུས་ལྡན་ངང་ཞིབ་བཤེར་དང་སེལ་བ། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་སྔོན་འགོག་ཚོད་འཛིན་ལ་ཤུགས་བརྒྱབ་སྟེ། ས་ཁོངས་རང་བཞིན་དང་རྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་འབྱུང་བར་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས།

ཚོགས་འདུར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་སྲུང་བརྟན་པོ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། གཞུང་བསྲངས་གསར་གཏོད་རྒྱུན་འཁྱོངས་དང་། འགག་སྒྲོལ་དང་དཀའ་ངལ་ཁྱད་བསད་བྱེད་ཕོད་པ། རྩ་འཛུགས་ལས་དོན་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་གསར་པའི་ནང་ཁུལ་ཡོངས་ཀྱི་རྩ་འཛུགས་མ་ལག་གིས་ཆབ་སྲིད་ཀྱི་ཕྱོགས་སྟོན་རྒྱུན་འཁྱོངས་དང་། གཙོ་དོན་སློབ་གསོ་དང་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བྱས་ཏེ།རིགས་པའི་གཞུང་ལུགས་ཀྱི་ལེགས་ཆ་ལག་ལེན་གྱི་སྟོབས་ཤུགས་སུ་བསྒྱུར་ཏེ། རང་རྟོགས་ངང་བསྒྱུར་བཅོས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་རྩ་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་དོན་འཁྱོལ་བྱ་དགོས།

ཚོགས་འདུར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གཙོ་གནད་ལས་དོན་དང་ཁྱོན་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་བ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་གཞན་དག་གི་ལས་དོན་སྔར་བས་ནུས་ལྡན་བྱུང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་ཕུལ་ཡོད། ཚོགས་འདུར་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)