国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུང་སེམས་ཀྱི་མེ་ཏོག

རང་སེམས་དུང་བ་དཀར་བའི་ཕོ་བྲང་ན། །

བདེ་ཆེན་སེམས་ཀྱི་སྙིང་གཏམ་དབྱངས་སུ་དྲངས། །

ཞལ་དཀར་ཚོགས་དྲུག་དགྱེས་པའི་ལང་ཚོ་ཡིས། །

མི་སེམས་མི་དང་སྦྲེལ་བའི་མི་མོ་བཀུག །

གདོད་ནས་སྐྱེས་པའི་བདེ་ཆེན་ཀུན་བཟང་མ། །

བདག་སེམས་འཐིམ་པའི་ལོ་ཟླའི་འཁོར་ལོ་ལ། །

འགྱུར་མེད་དམ་པའི་ཐག་གིས་ཡང་བཅིངས་ཏེ། །

ཚེ་འདི་མི་གཏོང་ཚིག་གི་ཁ་ཆེམས་ཡོད། །

རང་སེམས་དཀར་བའི་འོ་མའི་མཚོ་ཆེན་དུ། །

བརྩེ་སེམས་ངང་དཀར་ཁྲུས་ལ་འཇུག་པ་ཡིས། །

ལྷུན་གྲུབ་རྩེ་དགའི་གར་ལ་རོལ་བ་འདི། །

འུ་གཉིས་གཏམས་པའི་མཛའ་བ་ཁོ་ན་ལགས། །

ཞེ་མཆོད་སྙིང་གི་གཏམ་ཆུང་གླུ་ཡིས་བསུས། །

ཚིག་དྲུག་དབྱངས་ཀྱི་རྒྱབ་རི་ཚོར་བས་སྲུང་། །

འགྱུར་མེད་ཡིད་ཀྱི་མཁའ་ལ་ཤར་བའི་འཇའ། །

དུང་སེམས་ན་བུན་གཡོ་བ་ལས་བྱུང་གྲགས། །

མི་ཁའི་རླུང་འཚུབ་དྲག་ཏུ་ལྡང་ན་ཡང་། །

ལས་ཀྱི་མདུད་པ་ལྷོད་དུ་མ་གྲོལ་ན། །

བྱེ་མའི་ཐང་ཆེན་ཉིན་མཚན་བརྒལ་དགོས་ཀྱང་། །

རེ་འདུན་མིག་ཟུང་ད་དུང་བོར་མྱོང་མེད། །

མཚན་ཕྱེད་ཟླ་བ་མི་འདུག་རི་ནས་ཡོལ། །

ལོ་ཟླའི་དུས་ཚོད་སྐྱེན་པོ་གློག་གི་འོད། །

མི་སྡོད་སྐད་ཅིག་དུས་སུ་སྨིན་པའི་འགྲོས། །

ང་དང་ཚེ་རིང་འུ་གཉིས་རོལ་སྐལ་ཡོད། །

༼ རང་མདངས། ༽