སྙི་བའི་སེམས་པ་འཇའ་གུར་འོད་ལ་འཁོར།།
འཁྲུལ་བའི་མིག་ཟུང་སྤྲིན་པའི་མདངས་ལ་ཕྱོགས།།
མི་ཚེའི་ཁ་ཕྱོགས་ཆར་རྗེས་སྨུག་པ་བཞིན།།
ངེས་མེད་རི་དང་ལུང་པའི་ཕར་ཚུར་རྒྱུ།།
དུས་ཀྱི་གཙང་པོ་རྒྱང་ནས་རྒྱང་དུ་བཞུད།།
ཚེ་ཡི་འདུ་བྱེད་རིམ་གྱིས་རིམ་གྱིས་རྫོགས།།
དེ་ལྟ་ན་ཡང་བདག་སེམས་གཡང་རོང་དུ།།
རྣམ་གཡེང་བུ་མོའི་མཛེས་པ་རྟག་ཏུ་ལྷུང་།།
ཉིན་ལ་ཉིན་གྱི་བྱ་བས་གཟུགས་གོག་མནར།།
མཚན་ལ་མཚན་གྱི་དཀའ་བས་སེམས་པ་གཅུན།།
ཉིན་མཚན་ཟུང་ལ་རྫོགས་མེད་འུར་ཟིང་གིས།།
ང་ཡི་ལུས་སེམས་ངལ་བའི་གནས་སུ་ཁྲིད།།
ཉི་འོད་འཛུམ་དུས་ཟླ་བའི་བསིལ་ཟེར་བརྗེད།།
ཟླ་འོད་འཕྲོ་དུས་སྐར་ཚོགས་མཛེས་པ་དོར།།
མི་བརྟན་སེམས་འགྱུ་སྣ་ཚོགས་འཕར་བའི་ཁྲོད།།
ང་ལ་ཐོབ་པ་ཁེར་རྐྱང་མུན་ནག་ཅིག།
མི་མངོན་དབྱིངས་ལ་སྟོང་པའི་ལག་ཟུང་སྲིང་།།
མི་མཐོང་ནགས་སུ་སེམས་ཀྱི་ཅང་ཤེས་ཤོར།།
མི་ཚོགས་དཀྱིལ་ནས་རང་གི་ཆེ་ཚུགས་བོར།།
མ་ངེས་འཁོར་བའི་གཡོ་འཕྲུལ་མགོ་རུ་བབས།།
ལོ་ཟླའི་གས་ཆག་སྙིང་གི་ཀློང་དུ་འཐིམ།།
གྱེལ་བྲལ་གདུང་བ་མིག་གི་མཐའ་རུ་འཁྱིལ།།
ཕོ་ལོ་ཉེར་ལྔའི་རིམ་པ་བརྒལ་བའི་ཁྲོད།།
སྨྲེང་བའི་གངས་ཆར་ཉིན་དང་མཚན་ལ་བྱོ།།
ཟིན་མེད་འཁོར་བའི་རླུང་གི་གསེབ་ཏུ་འཚང་།།
འོང་མེད་བྱ་གཞག་སྨུག་པའི་སྐེ་རུ་འཐམས།།
མཚར་མཚར་སྣང་བའི་མི་ཡི་ལུང་པ་ནས།།
རང་གིས་རང་ལ་རྨ་ཁ་ཐེངས་མང་བཟོས།།
༼ འཇོ་མདའ་པདྨ། ༽