( པར་ངོས་དང་པོར་མཐུད།)ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱས་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ་བཅས་བྱས་པས། ལས་དོན་ཁག་ལ་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཐོབ་ཡོད། གཅིག་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་བྱས་ཤིང་། རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱས་པ་དང་། ལྟ་སྐུལ་བཅའ་ཁྲིམས་དང་ལྟ་ཞིབ་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ། འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱས་པ་དང་འབྲེལ། ད་ཐེངས་ཀྱི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད་པ་རེད། རྩ་ཁྲིམས་དང་མཐུན་མིན་གྱི་ཞིབ་བཤེར་དང་ཐོ་འགོད་ཞིབ་བཤེར་ལས་ཀར་སྐུལ་འདེད་བཏང་བ་དང་། རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་ལ་དཀྲིས་པའི་བསྐོ་འཐེན་དབང་ཆ་སྤྱད་པ་བཅས་རེད། གཉིས་ནས་ཁྲིམས་འཛུགས་འགན་འཁྲི་ལག་ལེན་ནན་ཏན་བསྟར་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་གཅིག་རིང་། བཅའ་ཁྲིམས་ཀྱི་གྲོས་གཞི་ཁྱོན39ལ་གྲོས་ཞིབ་བྱས་པ་དང་། དེའི་ནང་གི་དོན་ཚན24ལ་གྲོས་འཆམ་བྱུང་བའི་ནང་བཅའ་ཁྲིམས6གཏན་འབེབས་དང་། བཅའ་ཁྲིམས14བཟོ་བཅོས་བརྒྱབ་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་སྐོར་གྱི་གཏན་འབེབས་ཁག་4བྱས་པ་བཅས་ཚུད་ཡོད།
གསུམ་ནས་ལྟ་སྐུལ་འགན་དབང་ཁྲིམས་ལྟར་ལག་ལེན་བསྟར་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་གལ་ཆེན་བཏོན་ཞིང་། “སྲིད་གཞུང་གཅིག་དང་། ཨུ་ལྷན་གཅིག ཁང་གཉིས”བཅས་ཀྱི་སྙན་སྒྲོན་ཁྱོན21ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས5ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་འདྲི་རྩད་ཐེངས2དང་ཆེད་དོན་བརྟག་ཞིབ་ཁག9བྱས་པ། གྲོས་ཆོད་ཁག2བཏོན་པ་བཅས་རེད། བཞི་ནས་འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་འཐུས་མིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ཤིང་། འཐུས་མིའི་གྲོས་གཞི་དང་གྲོས་འགོའི་ལས་དོན་གྱི་སྤུས་ཚད་མཐོ་རུ་བཏང་བ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ། འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་སྟེ་འཐུས་མིར་ཞབས་ཞུ་འགན་ལེན་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། ལྔ་ནས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལས་དོན་ཧུར་ཐག་དང་ནུས་ལྡན་སྤེལ་ནས་རང་འགུལ་ངང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཡོད། དྲུག་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་བ་བཅས་རེད།
སྙན་སྒྲོན་གནང་སྐབས་ཀྲའོ་ལེ་ཅི་ཡིས་གསུངས་དོན། ང་ཚོས་ལས་ཀའི་ཁྲོད་ད་དུང་ཧེ་བག་དང་མི་འདང་ས་ཁ་ཤས་ཡོད་པར་ངོས་འཛིན་གསལ་པོ་བྱས་ཏེ་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་དང་ཁེངས་སྐྱུང་གིས་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་ནས་ལས་ཀར་ཤུགས་སྣོན་དང་ལེགས་སུ་རྒྱུན་ཆད་མེད་པར་གཏོང་དགོས།
སྙན་སྒྲོན་གནང་སྐབས་ཀྲའོ་ལེ་ཅིས་གསུངས་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ལག་ལེན་ནན་ཏན་བསྟར་ཏེ་བརྟན་ཐོག་ཡར་འཕེལ་གྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས།
ཀྲའོ་ལེ་ཅི་ཡིས་སྙན་སྒྲོན་གནང་སྐབས་སླད་ཕྱིན་ལོ་གཅིག་གི་ལས་འགན་བཀོད་སྒྲིག་གནང་བ་སྟེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་འགན་འཁྲི་ལག་ལེན་བསྟར་བ་དང་། ཁྲིམས་འཛུགས་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། སྤྱི་ཡོངས་ལ་དམིགས་ཏེ་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་པ། མི་དམངས་འཐུས་ཚོགས་ཀྱི་ནུས་པ་གང་ལེགས་འདོན་པ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། “ལས་ཁུངས་བཞི”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་རེད།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། 2024ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁག34898བདག་སྤྲོད་དང་གྱོད་གཞི32539གྱོད་ཐག་བཅད་པ་དེ་དུས་མཚུངས་ལས་བརྒྱ་ཆ65.5དང་82.2སོ་སོར་འཕར་ཡོད། རྒྱལ་ཡོངས་རིམ་ཁག་ཁྲིམས་ཁང་གིས་གྱོད་གཞི་ཁྲི་4601.8བདག་སྤྲོད་དང་གྱོད་གཞི་ཁྲི4541.9གྱོད་ཐག་བཅད་ཡོད།
སྙན་སྒྲོན་གནང་སྐབས་ཀྲང་ཅུན་གྱིས་ཕྱོགས་ལྔའི་ཐད་ནས2024ལོའི་ལས་དོན་ལ་ཕྱིར་མིག་བལྟས་པ་སྟེ། གཅིག་ནས་ཁྲིམས་འཛིན་ནན་པོ་དང་དྲང་གཞག་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ་དང་། གཉིས་ནས་ཁྲིམས་འཛིན་ནན་པོ་དང་དྲང་གཞག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ། གསུམ་ནས་ཁྲིམས་འཛིན་ནན་པོ་དང་དྲང་གཞག་ལ་བརྟེན་ནས་དམངས་འཚོའི་བདེ་རྩར་འགན་ལེན་བྱས་པ། བཞི་ནས་སྒྱུར་བཅོས་ལ་དམ་འཛིན་དང་། དོ་དམ་ལ་སྐུལ་འདེད། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་ལ་བརྟེན་ནས་ཁྲིམས་འཛིན་ནན་པོ་དང་དྲང་གཞག་ལ་འགན་ལེན་བྱས་པ། ལྔ་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་པ་བཅས་རེད།
ཀྲང་ཅུན་གྱིས་སྙན་སྒྲོན་གནང་སྐབས་གསུངས་དོན། 2025ལོར་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་གཏིང་ཟབ་བསྟར་ནས། ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་གྲུབ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་ཆེད་ཁྲིམས་འཛིན་གྱི་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱེད་དགོས།
བརྟན་ཐོག་ཡར་འཕེལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་། གཞུང་འཁྱོངས་གསར་འབྱེད་ཀྱིས་ཁྲིམས་འཛིན་དྲང་གཞག་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ནན་པོ་དང་གཅེས་སེམས་ཟབ་མོས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ཁྲིམས་ཁང་གི་དམག་ཧྲག་འཛུགས་རྒྱུ་རེད། གདེང་ཚོད་བརྟན་པོ་དང་ལས་སྒྲུབ་གཙོ་བཟུང་གིས་འདྲི་གཅོད་ཀྱི་འགན་ནུས་དང་ནུས་པ་གང་ལེགས་བཏོན་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིང་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། 2024ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཡོངས་ལ་ཞབས་འདེགས་དང་། དམངས་ཆེད་ཁྲིམས་འཛིན། ཁྲིམས་སྐྱོང་འགན་འཁུར་བཅས་བྱས་པར་བརྟེན་ཞིབ་དཔྱོད་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་སྣ་ཚོགས་ཁྱོན་ཁྲི409.96སྒྲུབ་གཉེར་བྱས་པའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི8980སྒྲུབ་གཉེར་བྱས་ཡོད།
སྙན་སྒྲོན་གནང་སྐབས་དབྱིང་ཡུང་གིས2024ལོའི་ལས་དོན་ལ་ཕྱིར་མིག་བལྟས་པ་སྟེ། གཅིག་ནས་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པར་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། གཉིས་ནས་ཞིབ་དཔྱོད་ཀྱི་འགན་ནུས་བཏོན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ། གསུམ་ནས་དམངས་ཆེད་ཞིབ་དཔྱོད་ཏན་ཏིག་བྱས་ཏེ་དམངས་འཚོའི་བདེ་རྩར་འགན་ལེན་བྱས་པ། བཞི་ནས་ཞིབ་དཔྱོད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་དྲང་གཞག་ལ་སྲུང་སྐྱོང་བྱས་པ། ལྔ་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ་ཞིབ་དཔྱོད་དབང་ཆ་ཁྲིམས་ལྟར་དྲང་གཞག་དང་། ནུས་ཆེ། སྤྱོད་གཙང་བཅས་ཀྱི་སྒོ་ནས་སྤྱོད་རྒྱུར་འགན་ལེན་བྱས་པ། དྲུག་ནས་རང་ངོས་འཛུགས་སྐྱོང་བྱེད་ཤུཌ་ཆེ་རུ་བཏང་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་བཙུགས་པ་བཅས་རེད།
ཚོགས་འདུར་འཐུས་མི2929ཕེབས་དགོས་ཤིང་། འཐུས་མི2869ཕེབས་ཡོད་པ་དང་འཐུས་མི60ཕེབས་ཐུབ་མེད། ཚོགས་འདུར་དངོས་སུ་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་གིས་གཙོ་སྐྱོང་གནང་བ་རེད།
དེ་ཉིན་ནི“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་ཞིང་། ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོག་ནས་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་། ཕྱིར་སྡོད་བུད་མེད་སྤུན་ཟླ། འཛམ་གླིང་རྒྱལ་ཁབ་ཁག་གི་བུད་མེད་བཅས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།།
(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)