国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནུས་རྒྱུ་གཙང་མར་དམིགས་ནས་དཀར་མཛེས་ཆུ་གློག་ས་ཚུགས་ཀྱིས་ལས་འགོ་ཡག་པོ་བཙུགས།

ཐོན་ཁུངས་ནུས་རྒྱུ་དང་རིག་གནས་ཡུལ་སྐོར། སྐྱེ་ཁམས་འཛུགས་སྐྱོང་གི“དོན་ཆེན་གསུམ”ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་རྒྱུ་ནི་རང་ཁུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་འགག་རྩའི་ཐབས་ལམ་ཞིག་རེད། འཕེལ་རྒྱས་འཐབ་ཇུས་དེའི་སྣེ་ཁྲིད་འོག་སྤྱི་ཟླ2པའི་ཚེས12ཉིན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྗེས་ཀྱི་ལས་མགོ་འཛུགས་པའི་ཉིན་དང་པོར། གཡས་པ་ཐང་གློག་འདོན་ས་ཚུགས་དང་སྨད་རྟིང་ལུང་གློག་འདོན་ས་ཚུགས་ལས་གཞིའི་ཨར་ལས་བྱ་ཡུལ་དུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས། འཛུགས་སྐྲུན་བྱེད་མཁན་ཚོས་སྤྲོ་སེམས་དང་བློ་སྟོབས་ཆེན་པོའི་སྒོ་ནས་ལས་འགོ་བརྩམས་ཏེ། ལོ་ཧྲིལ་པོའི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་།

གཡས་པ་ཐང་གློག་འདོན་ས་ཚུགས་ཀྱི་འཕྲུལ་སྦྱོར་གློག་འདོན་ཤོང་ཚད་སྟོང་ཝ་ཁྲི224ཡིན་ལ། རང་ཁུལ་གྱི་དཔལ་ཡུལ་རྫོང་དང་བོད་ལྗོངས་གོ་འཇོ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུ་སྟོད་རྒྱུད་ཀྱི་གཙོ་རྒྱུན་དུ་གནས་ཤིང་། འབྲི་ཆུ་སྟོད་རྒྱུད་ཀྱི་སྐས་རིམ་གློག་འདོན་ས་ཚུགས13ཁྲོད་ཀྱི་རིམ་པ7པ་ཡིན་པར་མ་ཟད། འབྲི་ཆུ་སྟོད་རྒྱུད་ཀྱི་ཁྲོན་བོད་ལམ་དུམ་གྱི་སྐས་རིམ་གློག་འདོན་ས་ཚུགས་ཁྲོད་ཀྱི་འཕྲུལ་སྦྱོར་གློག་འདོན་ཤོང་ཚད་ཆེ་ཤོས་ཤིག་ཀྱང་ཡིན། ལོ་གསར་པར་ལས་དོན་ལེགས་གྲུབ་ཡོང་ཆེད་གཡས་པ་ཐང་ཡན་ལག་སྤྱི་གཉེར་ཁང་གི་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་མགྱོགས་མྱུར་སྒྲིག་འཛུགས་བྱས་ནས་གུང་གསེང་རྗེས་ཉེན་མེད་དང་སེམས་བསྡུ་བ། སྤྱོད་ཚུལ་བཅས་ཀྱི“བསླབ་ཚན་གསུམ”ཡག་པོ་སྦྱངས་བ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། “བསླབ་ཚན་གསུམ”གྱི་ཁྲོད། “ཉེན་མེད་བསླབ་ཚན”ནི་ཉེན་མེད་ལས་དོན་གཙོ་གནད་དུ་བཀོད་སྒྲིག་བྱས་ཏེ། གཙོ་གནད་དང་འགག་རྩར་ཐུག་སར་ཕྱོགས་ཡོངས་ནས་མངོན་མེད་ཉེན་ཁ་ཞིབ་བཤེར་བྱས་པ་རེད། “སེམས་བསྡུ་བའི་བསླབ་ཚན”ནི་དུས་ཆེན་རྗེས་ཀྱི་ཨར་ལས་འཆར་གཞི་དང་ལོ་འཁོར་གྱི་ཨར་ལས་མྱུར་ཚད་སླར་ཡང་བཀོད་སྒྲིག་བྱས་པ་རེད། “སྤྱོད་ཚུལ་བསླབ་ཚན”ནི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་པ་དང་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་དང་། ནུས་ཤུགས་མཉམ་སྒྲིལ་དང་འཐབ་འཛིང་བྱེད་ཤུགས་ཆེ་རུ་གཏང་ཆེད་རེད། གཡས་པ་ཐང་ཡན་ལག་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་གཉེར་དཔོན་ཐང་མའོ་ཀང་གིས་སླད་ཕྱིན་ལས་ཀའི་ཁྲོད་སྤྱི་གཉེར་ཁང་གིས་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། “རྒྱལ་ཁ་མ་འཐོབ་ན་ལས་ཀ་མཇུག་མི་བསྡུ་བའི”བློ་སྟོབས་ལ་བརྟེན་ནས་གསར་གཏོད་འབད་བརྩོན་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་དུ་བཅུག་ནས། 2025ལོའི་འཕྲུལ་ཚན་ཁག་དང་པོ་ཐོན་སྐྱེད་བྱེད་འགོ་བཙུགས་ནས་གློག་འདོན་དམིགས་འབེན་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དུས་མཚུམས་སུ་སྨད་རྟིང་ལུང་གློག་འདོན་ས་ཚུགས་ལས་གྲྭའི་ལས་གཞི་འཛུགས་སྐྲུན་ས་གནས་སུ་ཨར་ལས་ལས་ཡུལ12ཁྱོན་ཡོངས་ནས་ལས་འགོ་བཙུགས་པ་དང་ཐོན་སྐྱེད་སླར་གསོ་བྱུང་། འཛུགས་སྐྲུན་བྱེད་མཁན་ཡོངས་ཀྱིས“འགོ་བརྩམས་པ་ནི་མཇུག་འབྲས་དང་སྟོབས་ཤུགས་ཡིན་པའི”འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་དུས་ཚིགས་དང་པོའི་ལས་འགོ་ཡག་པོ་འཛུགས་ཐུབ་པ་ཧུར་ཐག་གིས་བརྩོན་ལེན་བྱས་པ་རེད།

ཆུ་བསྒྱུར་ཕུག་ལམ་གྱི་ཨར་ལས་ལས་ཡུལ་དུ་འཕྲུལ་ཆས་ཆེ་གྲས་ཀྱི་འུར་སྒྲས་ཁེངས། གཡས་གཡོན་གྱི་བྲག་ངོས་ཉེན་ཅན་བཅོས་སྐྱོང་ས་ཁོངས་སུ་ཆེད་ལས་ལག་རྩལ་མི་སྣས་དཔྱད་ཆས་ཀྱིས་གྲངས་གཞི་རྒྱུན་ཆད་མེད་པར་ཟིན་ཐོར་འགོད་བཞིན་ཡོད། ཕྱི་ཕྱོགས་འགྲིམ་འགྲུལ་གཙང་རྒྱུད་གཞུང་ལམ་ལས་ཡུལ་དུ་ཨར་སྐྲུན་རྒྱུ་ཆས་ཁེངས་པའི་ལྗིད་ཐེག་རླངས་འཁོར་རེ་རེ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། ཤུགས་ཆེན་པོས་ལས་གཞི་འཛུགས་སྐྲུན་བརྟན་བརླིང་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏང་བ་དང་སྨད་རྟིང་ལུང་གློག་འདོན་ས་ཚུགས་ཀྱི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། ཤེས་རྟོགས་བྱུང་བར་གཞིགས་ན། སྨད་རྟིང་ལུང་གློག་འདོན་ས་ཚུགས་ནི་ཉག་ཆུའི་འབབ་རྒྱུད་དུ་སྐྲུན་བཞིན་པའི་འཕྲུལ་སྦྱོར་གློག་འདོན་གཞི་ཁྱོན་ཆེ་ཤོས་ཀྱི་གློག་འདོན་ས་ཚུགས་ཤིག་ཡིན་ལ། ལས་གཞི་དེ་དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་དང་ལེང་ཧྲན་ཁུལ་མུ་ལི་རྫོང་འབྲེལ་མཚམས་ཀྱི་ཉག་ཆུའི་འབབ་རྒྱུད་དུ་གནས་ཡོད། གློག་འདོན་ས་ཚུགས་ཀྱི་འཕྲུལ་སྦྱོར་གློག་འདོན་ཚད་སྟོང་ཝ་ཁྲི240ཡིན་ཞིང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཉག་ཆུའི་འབྲིང་རྒྱུད་ཀྱི་ཆུ་གློག་གསར་སྤེལ་གྱི་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ལས་གཞི་ཞིག་ཡིན་པ་རེད། སྨད་རྟིང་ལུང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཧྲིན་ལིན་གྱིས་སླད་ཕྱིན་ཁྱོན་ཡོངས་ཀྱི་གཙོ་གནད་ལས་གཞི་འགག་རྩར་དམིགས་ནས་ཨར་ལས་འགན་སྲུང་བྱེད་ཐབས་ཞིབ་ཕྲའི་སྒོས་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་འགན་འཁྲི་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་བཏང་བ་དང་བདེ་འཇགས་ཀྱི་མཐིལ་ཚད་སྔར་བས་བརྟན་པོ་བཟོས་ནས། ལས་དོན་ཚང་མ་དོན་ལ་འཁྱོལ་བ་དང་འཛུགས་སྐྲུན་ནང་ཞུགས་མཁན་ཁག་སྣེ་ཁྲིད་དེ་སྒྲུབ་པ་སྔོན་འཇོག། དཀའ་ངལ་ལ་གདོང་གཏད་དེ་མདུན་དུ་བསྐྱོད་ནས2025ལོའི་ཨེ་ལས་འཛུགས་སྐྲུན་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། སྡེ་རོང་རྫོང་དུ་གནས་པའི་ཞོལ་ལུང་གློག་འདོན་ས་ཚུགས་སུ་བཟོ་པ་ཚོས་དྲང་འཕྱང་ལ་སྨི700ཡིན་པའི་གུ་དོག་པའི་ལས་སྒྲུབ་བྱ་ཡུལ་དུ་ས་རྡོ་གཙང་སེལ་བྱེད་བཞིན་ཡོད་ལ། ཨར་ལས་བྱ་ཡུལ་དུ་བྲེལ་བ་ཆེ་ཞིང་ཉེན་ཁ་མེད་ལ་གོ་རིམ་ལྡན་པ་རེད།

འབྲི་ཆུ་སྟོད་རྒྱུད་ཀྱི་གློག་འདོན་ས་ཚུགས་ཆེ་ཤོས་ཡིན་པའི་ཞོལ་ལུང་གློག་འདོན་ས་ཚུགས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས》ལག་ལེན་བསྟར་རྗེས་འབྲི་ཆུའི་འབབ་རྒྱུད་དུ་ཞིབ་མཆན་བཀོད་པའི་གློག་འདོན་ས་ཚུགས་ཆེ་གྲས་དང་པོ་ཡིན་པར་མ་ཟད། འབྲི་ཆུ་སྟོད་རྒྱུད་ཀྱི་གློག་འདོན་འཆར་འགོད་ཀྱི“ཆུ་རགས་གཅིག་ལ་རིམ་པ13”ཁྲོད་ཀྱི་སྐས་རིམ12པ་ཡང་ཡིན། དེའི་སྤྱིའི་འཕྲུལ་སྦྱོར་གློག་འདོན་སྟོང་ཝ་ཁྲི240ཟིན་པ་དང་ཆུ་རགས་ཆེ་ཤོས་ཀྱི་མཐོ་ཚད་སྨི213ཟིན། སྔོན་དཔག་བྱས་ན2029ལོར་གློག་འདོན་བྱེད་འགོ་ཚུགས་རྒྱུ་ཡིན་ཞིང་། སྐབས་དེར་ལོ་རེར་གློག་འདོན་བྱེད་ཚད་སྟོང་ཝ་དུང་ཕྱུར105ཙམ་ཡིན་ཞིང་། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི317གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི786ཉུང་དུ་གཏང་ཐུབ། རྒྱལ་ཁབ་ཀྱི་འབྱུང་འཕྲོད་འཕེལ་རྒྱས་དང་ནུས་རྒྱུ་ཉེན་མེད་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད། ཞོལ་ལུང་གློག་འདོན་ས་ཚུགས་ཆུ་རགས་བཟོ་སྐྲུན་ལག་རྩལ་པུའི་ཀྲུའུ་རེན་གཞོན་པ་ཞ་ཕེང་གིས“དཔྱིད་གསར་དུས་ཆེན་གྱི་རྗེས་སུ་ལས་གཞི་ཁང་གིས་འབད་བརྩོན་ཆེན་པོས་གཅིག་རྗེས་གཉིས་མཐུད་དུ་མི་སྣ་སྒྲིག་འཛུགས་བྱས་ནས་ལས་འགོ་དང་ཐོན་སྐྱེད་སླར་གསོ་བྱས་ནས་སྤྱི་ཟླ2པའི་ཚེས8ཉིན་བར་ཨར་ལས་མི་སྣ200ཙམ་དང་། དོ་དམ་མི་སྣ50ཙམ་ཐོན་ཡོད། མིག་སྔར་ཞོལ་ལུང་གློག་འདོན་ས་ཚུགས་ཆུ་རགས་ལས་གྲྭའི་གཡས་གཡོན་གྱི་ངོས་སུ་སྐྱོར་རྭ་དང་བྲག་ངོས་ཉེན་ཁ་ཅན་བཅོས་སྐྱོང་། ས་འོག་དུང་ཁུང་སོགས་ཀྱི་ཨར་ལས་བྱེད་བཞིན་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་པ་རེད།

ད་ལོ་ནི་ཞོལ་ལུང་གློག་འདོན་ས་ཚུགས་ཀྱི་ཆུ་རགས་ཀྱི་གཡས་སྣེ་དང་གཡོན་སྣེ་གཉིས་སྔོག་པའི་འགག་རྩའི་ལོ་ཞིག་ཡིན་ལ། ཆུ་མཛོད་ཀྱི་ཨར་འདམ་རིམ་བསྒྱུར་དང་དེ་བཞིན་ཐོན་སྐྱེད་གློག་འདོན་སོགས་ལས་གྲྭ་སྤྱིའི་འཕེལ་རིམ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཞ་ཕེང་གིས“2025ལོར་ལས་གཞི་པུའུ་ཡིས་ངོགས་གཡས་གཡོན་ཆུ་རགས་སྣེ་གདོང་གི་གཟར་ངོས་སུ་སྐྱོར་རྭ་སྐོར་བར་དམིགས་ནས2026ལོའི་ཆུ་རགས་ཨར་འདམ་ལ་རྨང་གཞི་བརྟན་པོ་ཞིག་བཏང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

གཡས་པ་ཐང་གློག་འདོན་ས་ཚུགས་དང་སྨད་རྟིང་ལུང་གློག་འདོན་ས་ཚུགས། ཞོལ་ལུང་གློག་འདོན་ས་ཚུགས་བཅས་ཀྱི་རྒྱ་ཆེ་བའི་འཛུགས་སྐྲུན་ནི་རང་ཁུལ་གྱི་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་འཛུགས་སྐྲུན་ལ་སླར་ཡང་གོམ་སྟབས་བརྟན་པོ་སྤོས་པའི་བསྡུས་རིས་ཤིག་རེད། དེ་དག་ནི་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་ཞིག་ཡིན་པར་མ་ཟད། ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང“ཐཱན་གཉིས”དམིགས་ཚད་མངོན་འགྱུར་ཡོང་བར་རོགས་རམ་བྱེད་པའི་འགག་རྩའི་སྟོབས་ཤུགས་ཀྱང་ཡིན། རང་ཁུལ་གྱིས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་མུ་མཐུད་དུ་ཤུགས་འདོན་པ་དང་བསྟུན་ནས། ནུས་རྒྱུ་གཙང་མ་དེ་བས་མང་པོ་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་འབྱུང་ངེས་སོ།།

( ཡེ་ཤེས་ཀྱིས་བསྒྱུར།)