བར་སྣང་དབྱིངས་ལ་སྤུར་བའི་རླུང་རྟའི་འགྲོས།།
སེམས་ཉིད་སྒྱུ་མ་མཁན་གྱི་ཟློས་གར་ལས།།
མི་ཚེའི་གྲིབ་གཟུགས་འཚོལ་བའི་གཞོན་རབས་པ།།
སྣང་བ་གཤོག་ཐོགས་བྱ་བཞིན་གང་དུ་འཕུར།།
འཁོར་བའི་མཚོ་ལ་འབྱར་བའི་ལན་ཚྭའི་རོ།།
མངར་བསྐྱུར་ཁ་གསུམ་མྱོང་བའི་ཞེན་སྣང་ལས།།
གསོན་འདོད་སྙིང་པོ་འཚོལ་བའི་གཞོན་རབས་པ།།
ཚོར་བ་ཆང་དང་བསྲེས་པས་ཅི་ཞིག་རྙེད།།
ཀུན་རྟོག་གཙང་པོར་འཁྱིལ་བའི་ཉ་གང་གཟུགས།།
གཉེར་མའི་རླབས་ཀྱིས་བདས་པའི་གས་ཆག་ལ།།
རྗེས་ཆགས་མིག་ཟུང་གཡོ་བའི་གཞོན་རབས་པ།།
འཁོར་བའི་དགུན་གཞུང་གྲང་ཞེས་ཅིའི་ཕྱིར་ངུ།།
སྐྱ་མོ་ལམ་གྱི་ཕུ་མདོ་ཁ་བས་བཟུང་།།
དེ་ལ་འཇའ་ཚོན་སྣ་ལྔའི་གོས་ཀྱིས་བཀླུབས།།
དེ་ལས་གནས་ཚང་ཉུལ་བའི་གཞོན་རབས་པ།།
སྒྱུ་མའི་ལྷ་མོའི་འཛུམ་ལས་ཅི་ཞིག་མྱོང་།།
མུན་པས་ཡོལ་བ་འཐེན་པའི་སྤྱིལ་བུའི་ནང་།།
མཚན་ལམ་རིང་མོས་མནར་བའི་བསམ་གཞིག་གིས།།
འཁོར་བའི་འགྲེལ་བཤད་བོར་བའི་གཞོན་རབས་པ།།
རྐང་རྗེས་རླུང་གིས་ཁུར་དུས་ཅིའི་ཕྱིར་གསོན།།
སྣ་ཚོགས་སྣང་བའི་རྩི་ཏོག་སྤང་ནས་བརྡོལ།།
འཆར་ཡན་རིག་པའི་ཁྱེའུ་རྒྱང་དུ་འཕུར།།
ཚོར་རྟོག་གཅེར་བུར་ལུས་པའི་གཞོན་རབས་པ།།
རླུང་དང་བུ་ཡུག་ཁྲོད་ནས་ཅི་ཙམ་གྲང་།།
ལང་ཚོའི་གསང་བ་རུམ་བའི་སྐྱོ་གདུང་ནི།།
ཁ་དོག་གཞན་དུ་འགྱུར་བའི་འཇིག་རྟེན་ཏེ།།
ཚོར་བ་ཆང་ལ་སིམ་པའི་གཞོན་རབས་པ།།
མཐའ་མེད་འཁོར་བའི་གྲོང་ནས་ཅི་ཞིག་འཚོལ།།
བརྩེ་དུང་འོད་དུ་འཚེར་བའི་ཆུ་ཤེལ་ལ།།
མ་བརྟག་རབ་རིབ་སྐྱོན་བཅས་མ་མཐོང་བས།།
མིག་ཆུས་ལོ་ཟླ་འབྲི་བའི་གཞོན་རབས་པ།།
འདྲ་མིན་རྫུ་བག་གདོང་ལས་ཅི་ཞིག་ངེས།།
དབྱར་ཟླ་དྲུག་པའི་རྩི་ཏོག་དུས་ཀྱིས་སྨིན།།
ཚོར་བའི་ཆར་རླུང་ནེམ་ནེམ་སྤང་ནས་བརྡོལ།།
རྟོག་གཟུགས་ཆུ་ཁར་གཡེང་བའི་གཞོན་རབས་པ།།
རི་གྲོང་ལྷིང་འཇགས་དཀྲོགས་ནས་ཅི་ཞིག་བྱེད།།
སེམས་འདི་སྡོང་ལོ་བཞིན་དུ་མཁའ་ལ་འཕུར།།
བར་སྣང་སྟོང་པའི་རླུང་གིས་བསྐྱོད་བསྐྱོད་ནས།།
ཚོར་ཤེས་ཟིང་སྐྱ་ཡིན་པའི་གཞོན་རབས་པ།།
ཨ་མའི་ཐོད་གཉེར་གསེང་ནས་ཅི་ཞིག་མཐོང་།།
རིགས་ཞེན་རུས་པའི་བརྩེ་བ་མངལ་དུ་སྦྲུམས།།
ལ་རྒྱའི་དབྱངས་ཆུང་ཕྲ་མོ་གདངས་སུ་གྱེར།།
དུས་ཀྱི་གོམ་སྟབས་སྒུལ་བའི་གཞོན་རབས་པ།།
ལོ་ཟླ་སྣག་ཚལ་སྦྲེལ་ནས་ཅི་ཞིག་འབྲི།།
དཀར་གཙང་སེམས་པའི་ཐང་ཆེན་མེ་ཏོག་བཀྲམ།།
ཚེ་ཡི་བཅུད་དུ་འཁྲུངས་པའི་ཟིལ་མངར་དག།
སེམས་སོང་སྦྲང་མར་འབུལ་བའི་གཞོན་རབས་པ།།
སྙིང་ཉེའི་དགའ་སྐྱོའི་བར་ནས་ཅི་ཞིག་རྙེད།།
ཞེན་སྣང་རྒོངས་ཀའི་མེ་ཕུང་གང་དུ་མཆེད།།
བརྩེ་དུང་གཏམ་རྒྱུད་རིང་མོ་སུ་ལ་བྲིས།།
རང་སེམས་བར་དོར་བསྐྱོན་པའི་གཞོན་རབས་པ།།
མཛའ་འཕྲིན་ཤོག་ཧྲུལ་རྙིང་གོག་ཅིའི་ཕྱིར་སྲེག།
སེམས་ཀྱི་དར་ལྕོག་ཟད་པོ་སུ་ཡིས་གཙེས།།
འཆར་ཡན་རྨི་ལམ་འཁྱག་པ་ཅིའི་ཕྱིར་རྨིས།།
རང་སེམས་རང་གིས་སྲུངས་དང་གཞོན་རབས་པ།།
འཁོར་འདས་ལྟད་མོ་སྣ་ཚོགས་ནང་ན་ཡོད།།
མི་ཚེའི་སྦྱར་སྤོས་མཆེད་པའི་མཆོད་སྟེགས་སུ།།
ལོ་ཟླའི་ཐལ་རོ་སྤུངས་པའི་སྐྱོ་གདུང་ཁྲོད།།
རང་ཉིད་རང་གིས་འཚོལ་བའི་གཞོན་རབས་པ།།
ཅི་ཞིག་བོར་སྟོར་བྱུང་འདྲས་ཨེ་སྐྱོ་ལགས།།
བཅོ་བརྒྱད་ཡུགས་མོས་སྲོག་གི་དུར་ས་འཚོལ།།
ཁེར་རྐྱང་བྱིས་པ་གྲོང་མཐའི་གསེང་དུ་གྱར།།
བདག་མེད་རྒན་འཁོགས་དབུལ་ཕོངས་ནད་ཀྱིས་འཆི།།
སེམས་ཀྱིས་བཟོད་དམ་སྤོབས་ཅན་གཞོན་རབས་པ།།
ཞི་འཇམ་གཙང་པོར་སྙམ་པའི་ཚུ་རོལ་ནས།།
སྟབས་བདེའི་ཀོ་གྲུ་གཏོང་འདོད་རང་རློམ་གྱིས།།
མཐའ་མཇུག་ཕམ་ཁ་ཉོས་པའི་གཞོན་རབས་པ།།
དོན་དངོས་འཚོ་བའི་རྦ་རླབས་ཤེས་སོང་ངམ།།
ཉི་འོད་མོག་མོག་འཆར་བའི་ལུང་ཀྱོག་ནས།།
ལོ་ཟླའི་རྒས་གཉེར་དོད་པའི་སྐྱི་སྤགས་ལས།།
འཚོ་བའི་བདེན་པ་མཐོང་བའི་གཞོན་རབས་པ།།
དལ་རྟེན་གཅེས་པའི་ལུས་ལ་སུན་མྱོང་ངམ།།
དཔྱོད་ཤེས་གཤོག་ཟུང་འདར་བའི་མ་རྟོགས་རླུང་།།
ཤེས་བྱའི་སྐར་ཚོམས་འདེད་པའི་བར་སྟོང་ནས།།
བསམ་བློའི་དམྱལ་ཁམས་སྐོར་བའི་གཞོན་རབས་པ།།
རེ་ཆད་མིག་ཆུ་ཁོག་ཏུ་མིད་མྱོང་ངམ།།
གཟུགས་བརྙན་ཡིད་ལ་བྱེད་པའི་སྤྲེའུའི་རིགས།།
ཀླད་མེད་འཕྲུལ་མི་དག་གི་སྐྱོ་གར་ལས།།
གསར་གཏོད་སྙིང་སྟོབས་འཚོལ་བའི་གཞོན་རབས་པ།།
རིག་པའི་རང་ཚུགས་ཟེར་བ་ཡོད་མྱོང་ངམ།།
འཁོར་བའི་གཏིང་རུམ་སྦས་པའི་ཉ་གང་ཟླ།།
གདོང་རས་ཕག་ནས་ངུས་པའི་མུན་པའི་དབྱངས།།
ལང་ཚོའི་སྐྱོ་གླུར་ངེས་པའི་གཞོན་རབས་པ།།
མུན་པའི་ལམ་ལུགས་ཟེར་བ་ཤེས་སོང་ངམ།།
མི་བདེན་སྒྱུ་མའི་མཚོ་ལ་ཤར་བ་ཡི།།
དབུལ་ཕྱུག་དཔོན་གཡོག་ཅེས་པའི་སྣང་བརྙན་དེས།།
གདུང་སེམས་མེ་རུ་སྦར་བའི་གཞོན་རབས་པ།།
སྤྱི་ཚོགས་ངོ་མ་མིག་གིས་རིག་མྱོང་ངམ།།
འཚོ་བ་སྟོན་མཇུག་ཡིན་པའི་སྐབས་ཐོག་ཏུ།།
ལང་ཚོའི་གཉོམ་ལག་རྒྱས་པའི་མེ་ཏོག་སྟེ།།
སེམས་ཀྱི་འདབ་ལོ་འབུས་པའི་གཞོན་རབས་པ།།
སད་དང་སེར་བས་ཁྱེར་བ་ཅི་ཙམ་ཡོད།།
མེ་ལོང་ཆག་རོར་གསལ་བའི་གཟུགས་རིས་ཏེ།།
ལམ་གྱི་ཞེན་ཆགས་གླེང་བའི་སྐྱོ་གདུང་གིས།།
སྒྱུ་མའི་རྟ་གླང་འདེད་པའི་རྨི་ལམ་ནི།།
འཇའ་ཡི་སྐས་ལ་འཛེགས་པའི་ཚུལ་དུ་སྣང་།།
རྒྱང་རིང་མེ་ཕུང་གསལ་བའི་མདུན་ས་ནས།།
འདི་སྣང་སྒྱུ་མའི་གླུ་བྲོ་མཐོང་འདོད་ཀྱིས།།
མཚན་སྨག་སྐྱོ་བས་བརྒལ་བའི་གཞོན་རབས་པ།།
མི་ཡུལ་ཕྱེ་མ་ལེབ་ཀྱི་མཐར་ཐུག་ཡིན།།
བཀྲག་མདངས་རིང་ནས་འཚེར་བའི་ཞལ་འབག་ལས།།
བསླུ་བྲིད་ཚོན་རྩི་སྐྱུག་པའི་ཁ་རླངས་ཀྱིས།།
འཇིག་རྟེན་ཕྱེད་ཀ་སྒྲིབ་པའི་གྲུ་ཟུར་ནས།།
རང་ལམ་རང་གིས་མ་མཐོང་ཡིད་རེ་ཆད།།
མ་ངེས་འཚོ་བའི་རི་མོ་ཇེ་འཁྱོག་རེད།།
སྣང་ཁམས་དགུན་ཟླ་སྐྱ་མོ་ཇེ་འཁྱག་རེད།།
བརྩེ་མེད་སྲིན་པོའི་ཁྲོ་གཉེར་ཇེ་རྩུབ་རེད།།
ད་ནི་འཁོར་བའི་སྙིང་པོ་ཇེ་གསལ་རེད།།
བདག་མེད་རི་ལ་ཤོར་བའི་ཅང་ཤེས་རྟ།།
སྨུག་སྤྲིན་འདུ་ལོང་གསེང་གི་མ་མེད་ཤེའུ།།
འཆར་ཡན་ཁོ་ནས་བསླུས་པའི་གཞོན་ནུ་གསུམ།།
ཁེར་རྐྱང་མུན་པའི་ཀློང་གི་སྙིང་ཉེ་ཡིན།།
གྲོག་མོར་ལྷོད་ཀྱིས་བཞུར་བའི་གཙང་ཆེན་ནི།།
མི་ཚེའི་ཆུ་གཏེར་འདུས་པའི་བསྡུས་གཟུགས་ཡིན།།
རྩྭ་འགོའི་ཟིལ་བ་ཡིན་པའི་གཞོན་རབས་པ།།
དྭངས་གསལ་མཁའ་ལས་བྱུང་བའི་ཆར་ཐིགས་ཡིན།།
ང་ནི་གཟེབ་ལས་འཕུར་བའི་བྱེའུ་ཡིན།།
ལྷགས་རླུང་ཟས་སུ་བཟའ་བའི་སྤྲང་ལྡོམ་ཡིན།།
རང་དབང་མཁའ་མཐར་སྙེག་པའི་འདབ་ཆགས་ཡིན།།
མི་ཡུལ་ལྟད་མོར་ལྟ་བའི་མགྲོན་པོའང་ཡིན།།
༼ ཞོགས་རྫ་རྔ། ༽