国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ་བ།

( པར་ངོས་དང་པོར་མཐུད།)

སྔ་དྲོའི་ཆུ་ཚོད9པར་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་ཡོད། ཝང་ཧུའུ་ཉིང་གིས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཨུ་ཡོན2154ཡིན་པ་དང་། ཨུ་ཡོན2082དངོས་སུ་ཞུགས་ཡོད་པས། གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་ཡོད།

གྲོས་ཚོགས་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་ཞུ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་ཡོད།

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་དར་ཆ་མཐོན་པོར་བསྒྲེངས་ཤིང་སེམས་ཤུགས་གཅིག་ཏུ་སྒྲིལ་བ། བདེན་འཚོལ་དངོས་སྒྲུབ། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་བཟང་ཆ་མངོན་ཞིང་། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་པ་དང་། སྲིད་གྲོས་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བ་དང་འབྲེལ་ཚོགས་ཆུང་མཉམ་འབྲེལ་གྲོས་བསྡུར་ནང་ཞུགས་ནས་སྲིད་གྲོས་ཨུ་ཡོན་རྣམས་དང་རྒྱལ་ཇུས་ལ་མཉམ་གྲོས་གནང་ཡོད། སྲིད་གྲོས་ཨུ་ཡོན་ཚང་མས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་བསྡུར་ནན་ཏན་གནང་བ་དང་། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་ཞུ་སོགས་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་ཞིང་། སྲིད་དོན་བགྲོ་གླེང་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སྲིད་གྲོས་ཨུ་ཡོན་ཚང་མས་འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་སྟངས་འཛིན་དང་བབ་བརླིང་ངང་ཁ་གཏད་བཅག་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འགག་གཏོར་དཀའ་སེལ་དང་ཞུན་བརྡར་ཁྲོད་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད་ཅེས་ཚད་མཐོའི་གདེང་འཇོག་གནང་བ་དང་། ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་གཏོང་རྒྱུ་ཡིན་ཚུལ་བསྟན་ཡོད་ཅེས་གསུངས་པ་རེད།

ཝང་ཧུའུ་ཉིང་གིས། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གནས་ཚད་མཐའ་འཁྱོངས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བཅས་བྱེད་པ་དང་། མི་སེམས་གཅིག་སྡུད་དང་། ཐུན་མོང་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་འགན་འཁྲི་སྒྲུབ་པ་དང་ལས་འགན་འཁུར་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་འདོན་སྤེལ་ཏན་ཏིག་བཅས་བྱས་ཏེ། མི་དམངས་སྲིད་གྲོས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་ཅིང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ལེགས་པར་འཁུར་དགོས་ཞེས་གསུངས་པ་རེད།

ཝང་ཧུའུ་ཉིང་གིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱ་དགོས་ཞེས་གསུངས་པ་རེད།

མཇུག་འགྲིལ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་གྲས་སུ་ད་དུང་། མཱ་ཤིང་རུའེ་དང་། ཝང་དབྱི། དབྱིན་ལི། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིན། ཁྲེན་རྨིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ། ཝང་ཞའོ་ཧུང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི•ཀྲ་ཁེར། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་མཇུག་འགྲིལ་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ་དང་ཕྱིར་སྡོད་རང་མི་སོགས་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུར་ཞུགས་ཡོད།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྲོལ་བ་རེད།། ( ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།)