( པར་ངོས་དང་པོར་མཐུད།)ང་ཚོས་དམག་དཔུང་བཙུགས་ནས་ལོ་བརྒྱའི་འགག་སྒྲོལ་དང་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་འདེགས་སྐྱོར་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད” སྐམ་དམག་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོང་ཕུའུ་ཧའེ་ཐའོ་ཡིས“འབུམ་ཤོག་ཆེ་མོའི་དམག་དཔུང་གི་ངོས་ནས་བརྗོད་ན། སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་བློ་ལ་བརྟན་པོ་ངེས་ནས་དམག་བཀའ་དང་ལེན་ཞུ་བ་དང་། འགན་འཁྲིའི་ཡི་གེ་འཇོག་པ། འཆར་འགོད་ལམ་ཐིག་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ་འགག་སྒྲོལ་གྱི་གཙོ་གནད་དམ་འཛིན་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་གཏན་འཁེལ་དམིགས་ཚད་དང་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་དགོས”ཞེས་གསུངས་ཡོད།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཆར་འགོད་འཛུགས་སྐྲུན་བྱེད་རིང་གྲོན་དངུལ་སྤྱོད་སྟངས་གནད་ལ་འཁེལ་ཚད་དང་ཕན་འབྲས་དབར་གྱི་བསྡུར་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད། ང་ཚོའི་ངོས་ནས་བརྗོད་ན། རྩིས་རེ་རེ་བཞིན་ཞིབ་ཚགས་རྒྱག་དགོས་པ་དང་། གཏོང་དགོས་ངེས་ཀྱི་དངུལ་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱེད་དགོས་པ། གཏོང་མི་དགོས་པའི་དངུལ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། འཆར་འགོད་འཛུགས་སྐྲུན་ཆེད‘གཉེར་པ་ཡག་པོ’དང‘རྩིས་པ་ཡག་པོ’བྱས་ཏེ། དངུལ་སྐར་ལི་ཙམ་ཡང་སྤྱོད་སྒོ་ཆེ་སར་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ཀྲུང་དབྱང་དམག་ཨུའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྥུང་ཡན་གྱིས་གསུངས།
“མིག་སྔར། མཚོ་ཐོག་ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྒྱུར་དུས་བབ་རྙོག་འཛིང་ཆེ་བ་དང་དངོས་ཡོད་ཀྱི་འགྲན་སློང་དེ་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས། དེས་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ལས་འགན་ཡག་པོ་སྒྲུབ་པར་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་ལ། མཚོ་ཐོག་ཉེན་རྟོག་སློབ་གླིང་ལ་ངེས་པར་དུ་དམག་འཐབ་སློབ་ཁྲིད་དང་དམག་འཐབ་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་བར་སྐུལ་མ་ཐེབས་ཡོད” དྲག་ཆས་ཉེན་རྟོག་དཔུང་སྡེ་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཏུའུ་ཁྲང་ཡུས་ཀྱིས“དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ་ནི་དམག་འཐབ་སློབ་ཁྲིད་དང་དམག་འཐབ་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་བའི་འགག་རྩ་རེད། ང་ཚོས་སྤེལ་རེས་སློབ་སྐོར་དང་། ཟབ་སྦྱོང་གསོ་སྦྱོང་། གནས་སྦྱར་སྦྱོང་བརྡར། ནང་སྦྱོང་དང་སྦྱོང་བརྡར་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད། དམག་འཐབ་སློབ་ཁྲིད་དང་དམག་འཐབ་ཞིབ་འཇུག་གི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པའི”ངོས་འཛིན་གནང་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཇིག་རྟེན་འཕུར་སྐྱོད་རུ་ཆེན་གྱི་འཇིག་རྟེན་འཕུར་སྐྱོད་པ་ལིའུ་དབྱང་གིས། ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། དེ་དང་མཉམ་དུ་བྱུང་བ་ནི་དེ་བས་རྙོག་འཛིང་ཆེ་བའི་ལས་འགན་དང་དེ་བས་དཀའ་ཚེགས་ཆེ་བའི་ལས་འགན་ཡིན་ཞེས་གསུངས་ཡོད། ཁོང་གིས“དུས་ཡུན་རིང་པོ་བར་སྣང་ཁམས་སུ་བཅའ་སྡོད་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་གྲུ་ཚང་ནས་དོན་པའི་བྱེད་སྒོ་སྤེལ་བ། ཕོན་ཆེ་ཞིང་རྙོག་འཛིང་ཆེ་བའི་ཚན་རིག་ཚོད་ལྟ་བྱེད་པ་སོགས་ཀྱིས་འཇིག་རྟེན་འཕུར་སྐྱོད་པའི་ཕྱོགས་བསྡུས་བྱང་ཚད་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད”ཅེས་གསུངས་ཡོད། འགལ་ཟླ་དང་དཀའ་ངལ་གྱི་མདུན་དུ། ལིའུ་དབྱང་དང་ཁོང་གི་འཐབ་གྲོགས་ཚོས་ཐོག་མཐའ་བར་གསུམ་དུ་སྦྱོང་བརྡར་ལྷོད་མེད་བྱས་ཏེ། སླར་ཡང་མཁའ་དབྱིངས་སུ་འཕུར་རྒྱུའི་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད།
“ཉེ་བའི་ལོ་ཤས་རིང་། གོ་མཚོན་གསར་པ་དང་། ལག་རྩལ་གསར་པ། བཟོ་རྩལ་གསར་པ་བཅས་མང་པོ་ཞིག་དམག་གྲབས་ལས་གྲྭ་འཛུགས་སྐྲུན་ནང་སྤྱད་དེ། ལས་གྲྭའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་པས། ང་དང་འཐབ་གྲོགས་ཚོས་ལག་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་དངོས་སུ་ཚོར་བྱུང” མེ་ཤུགས་འཕུར་མདའི་དམག་དཔུང་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚུའེ་ཏའོ་ཧུའུ་ཡིས“མིག་སྔར། འཆར་འགོད་ལག་བསྟར་བྱེད་པ་དེ་དཀའ་ཚེགས་ཆེ་ཤོས་ཀྱི་དུས་མཚམས་སུ་སླེབས་ཡོད། ང་ཚོས་ཆ་འཕྲིན་ཅན་གྱི་དོ་དམ་དང་རིག་ནུས་ཅན་གྱི་བཟོ་སྐྲུན་སོགས་ཐད་ཀྱི་ལག་རྩལ་གྲུབ་འབྲས་ཡག་པོ་སྤྱད་ནས། འགག་སྒྲོལ་ལག་ལེན་ཁྲོད་འཐབ་ནུས་འཛུགས་སྐྱོང་དང་བཀོལ་སྤྱོད་ཀྱི་རྣམ་པ་གསར་སྒྱུར་བྱེད་མགྱོགས་སུ་གཏོང་དགོས”ཞེས་གསུངས་ཡོད།
ཅང་ཤིས་ཀྱི་ས་གཞི་ཆེན་པོར། ཅང་ཤིས་ཞིང་ཆེན་དམག་ཁུལ་ཁང་གི་རྒྱ་ཆེའི་དཔོན་དམག་དང་ཡུལ་དམག་གིས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སློབ་སྦྱོང་དང་གྲོས་བསྡུར་བྱེད་བཞིན་ཡོད། “ཞིང་ཆེན་དམག་ཁུལ་ཁང་གིས་དམག་དཔུང་དང་ས་གནས་དབར་གྱི་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་གང་ལེགས་བཏོན་ཏེ། ས་གནས་ཀྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་དང་ཐོན་ཁུངས་ཡག་པོ་སྤྱད་ནས། རང་རེའི་དམག་དཔུང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས” ཅུས་ཤིག་གི་ལས་དོན་པ་ཀྲའོ་ཡུས་ཐུང་གིས“ང་ཚོས་དམག་དོན་དགོས་མཁོ་སྣེ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་གནས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཀོད་ཇུས་སྤྱི་འདོམས་དང་། རྣམ་གྲངས་སྤྱི་འདོམས། ཐོན་ཁུངས་སྤྱི་འདོམས། ལག་བསྟར་སྤྱི་འདོམས་བཅས་ཡག་པོ་བྱས་ནས། གློག་རྡུལ་ཆ་འཕྲིན་དང་གོ་མཚོན་བཟོ་སྐྲུན་སོགས་ཐོན་ལས་ཀྱི་ཀུན་སྤྱོད་ཐོན་ཁུངས་དེ་དམག་འཐབ་ལ་ཕན་པའི་དངོས་ཡོད་ཀྱི་སྟོབས་ཤུགས་སུ་སྒྱུར་དགོས”ཞེས་བརྗོད།
“ངས་དམག་གྲུའི་རུལ་བསླད་འགོག་སྲུང་དང་རྒྱུ་ཆ་གསར་པ་བེད་སྤྱོད་སོགས་ཐད་ཀྱི་ཚན་རིག་ཞིབ་འཇུག་གི་ལས་ཀ་བྱེད་ཀྱི་ཡོད། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་བཟོ་དབྱིབས་མི་འདྲ་བའི་དམག་གྲུའི་རྒྱུ་ཆའི་མ་ལག་འཆར་འགོད་ལ་ཞུགས་པ་ཡིན” མཚོ་དམག་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚའོ་ཅིང་དབྱི་ཡིས“2022ལོར། ང་ཚོས་འགོག་སྲུང་རྒྱུ་ཆ་གསར་པ་ཞིབ་འཇུག་བཟོ་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། འགག་རྩའི་ལག་རྩལ་ནང་འདྲེན་ལ་རྒྱབ་སྐྱོར་བྱས་པས། ཕུགས་ཕན་འགོག་སྲུང་དང་ཁོར་ཡུག་སྲུང་སྐྱོང་དང་གནོད་འཚེ་ཉུང་གཏོང་ཚང་མར་ཕན་པའི་འཇུར་མིག་གི་གནད་དོན་ཐག་གཅོད་བྱས་ཡོད། ལག་ལེན་དངོས་ལས་ར་སྤྲོད་བྱས་པར། ལག་རྩལ་གྱི་དང་ལེན་བྱེད་ཚད་ཇི་ཙམ་གྱིས་མགྱོགས་ན་སྦྲེལ་ལམ་སྤོ་སྒྱུར་དེ་ཙམ་གྱིས་ཤར་གཏོང་ཐུབ་པ་དང་འཐབ་ནུས་གསར་མ་ཆགས་པའི་ནུས་པ་དེ་བས་ཆེ་རུ་འགྲོ་ཐུབ”ཅེས་གསུངས།
མིག་སྔར། མི་ཐབས་རིག་ནུས་ཀྱིས་གཙོ་བོར་བྱས་པའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེར་འཕོ་འགྱུར་མགྱོགས་པོ་འགྲོ་བཞིན་ཡོད་ལ། རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་གསར་མའང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དུས་བབ་བཟང་པོར་སླེབས་ཡོད།
མཁའ་དམག་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝུན་ཞའོ་ལེང་གིས། གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ། སྤྱི་སྤྱོད་ཅན་གྱི་ཚད་ལྡན་ལམ་དུ་སྐྱོད་པ་དང་། འཐབ་ནུས་འཛུགས་སྐྱོང་དང་བེད་སྤྱོད་བྱེད་སྟངས་གསར་གཏོད། སྔོན་ཐོན་ལག་རྩལ་དང་ལེན་མྱུར་པོ་དང་གཞན་སྒྱུར་མྱུར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། འཐབ་ནུས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)