国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྒྱ་རྒྱུད་བོད་གྲོང་དུ་ལི་མེ་ཏོག་གི་འཛུམ་མདངས་རྣམ་པར་བཀྲ།

མེ་ཏོག་རྣམ་པར་བཀྲ་བའི་བརྒྱ་རྒྱུད་བོད་གྲོང་།

ལི་མེ་ཏོག་བཞད་པའི་ཁྲོད་ཡུལ་མི་ཚོས་གླུ་ལེན་བྲོ་འཁྲབ་བྱས།

དཔྱིད་ཀ་ཤར་བ་དང་བསྟུན་ནས་མི་རྣམས་ཀྱིས་མིས་བཟོས་མཚེའུ་དང་མིས་བཟོས་མཛེས་ལྗོངས་ལ་ཡིད་མི་ཚིམ་ནས་གང་ས་གང་དུ་རང་བྱུང་མཛེས་ལྗོངས་འཚོལ་བཞིན་ཡོད།

མཛེས་པའི་ཡུལ་ལྗོངས་ག་ས་ག་ལ་འཚོལ་དགོས་པ་མི་འདུག་སྟེ། དཀར་མཛེས་ཁུལ་གྱི་མཛེས་པའི་ཡུལ་གྲོང་འདིར་ཕེབས་ན་ཆོག། དེ་གར་མིའི་རིག་གནས་དང་ས་ཁོངས་ཀྱི་རིག་གནས། མི་རིགས་རིག་གནས། ཡུལ་གྲུ་གོམས་སྲོལ་སོགས་ཕུན་སུམ་ཚོགས་ཤིང་དེའི་མིང་ལ་རོང་བྲག་བརྒྱ་རྒྱུད་བོད་གྲོང་ཟེར།

མཛེས་པའི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་འཕྲོག།

དཔྱིད་ཟླ་གཉིས་པའི་རྒྱལ་མོ་ཚ་བ་རོང་གི་ཡུལ་ཁམས་དཔྱིད་འགོ་མེ་ཏོག་བཞད་པའི་དུས་སུ་སླེབས་ཤིང་། དེའི་ཁྲོད་ལི་མེ་ཏོག་དང་ཁམ་བུ་མེ་ཏོག་གཅིག་མདངས་གཅིག་གིས་འཕྲོག་པ་བཞིན་གང་སར་བཞད་དེ་ཀྲུང་གོའི་གྲོང་སྡེ་མཛེས་ཤོས་ཀྱི་མཚན་སྙན་ཐོབ་པའི་ཡུལ་གྲུ་དེའི་རི་ལུང་ཐམས་ཅད་ཚོན་མདམས་རྣམ་པར་བཀྲ་ལ་མཛེས་པའི་རི་མོ་ཞིག་དང་ཀུན་ནས་མཚུངས།

བརྒྱ་རྒྱུད་བོད་གྲོང་གི་ལི་མེ་ཏོག་གཞི་ཁྱོན་ཆེ་ལ་ལོ་རྒྱུས་ལྡན་པ་ཞིག་རེད། མཚན་མོར་དཔྱིད་རླུང་དལ་བུ་ལྡང་བའི་ཁྲོད་བརྒྱ་རྒྱུད་བོད་གྲོང་གི་ལི་མེ་ཏོག་ཁྱད་ཆོས་མངོན་པར་ཕྱུག་པའི་བོད་ཁང་གི་སྒོ་རའི་མདུན་རྒྱབ་ལ་དུས་གཅིག་ཏུ་རྣམ་པར་བཞད་དེ་ཡུལ་གྲུ་ཡོངས་སུ་ཁེབས་ནས་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག། ཉི་མའི་འོད་ཟེར་ཁྲོད་མེ་ཏོག་གངས་ལྟར་དཀར་བའི་ལི་ཤིང་སྡོང་ཆེ་ཞིང་རྒྱས་པ་དང་། རིམ་བཞིན་སྔོ་མདངས་ཀྱི་ཡུལ་གྲུ་གློ་བུར་དུ་དཀར་ལྷང་ལྷང་གི་ཡུལ་ལྗོངས་སུ་གྱུར། ཡུལ་དེ་གའི་མི་སེར་དུད་ཚང་ཚང་མས་སྒོ་ར་མདུན་རྒྱབ་ཏུ་

ལི་ཤིང་བཙུགས་པའི་གོམས་སྲོལ་ཡོད་པ་དེ་ཡུལ་སྲོལ་ཞིག་ཏུ་བརྩི་ཆོག་ལ་རང་ཡུལ་གྱི་ཁྱད་ཆོས་ཤིང་ཏོག་འབྱུང་རེའི་ཆེད་དུ་ཡང་ཡིན་ཤོས་ཆེ། རོང་བྲག་གི་ལི་ལ་མངར་ཞིང་ཆུ་མང་བ་དང་འཚོ་རྩི་བཟང་བའི་ཁྱད་ཆོས་ཡོད། ཡུལ་གྲུ་གང་སར་ལི་ཤིང་བཙུགས་ཡོད་མོད། འོན་ཀྱང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཁང་དང་ལི་མེ་ཏོག་ཕན་ཚུན་སྤེལ་མར་གནས་པའི་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་དྲང་དགོས་ན་ཡུལ་གྲུ་འདི་ལས་མེད་ཅེས་བཤད་ཆོག་ཆོག་ཡིན།

དཔྱིད་ཀ་ཤར་བ་དང་མི་རྣམས་ཀྱིས་གཟབ་མཆོར་སྤྲས་ནས་ལི་མེ་ཏོག་གིས་ཡོངས་སུ་བསྐོར་བའི་ཞིང་རའི་ནང་གླུ་ལེན་བྲོ་འཁྲབ་པ་དང་ཡུལ་སྐོར་བ་ཧ་ཅང་མང་པོ་ཡང་བུང་བའི་ཚོགས་མེ་ཏོག་ལ་འཁོར་བ་བཞིན་དེ་གར་པར་ལེན་དང་སྙན་ངག་རྩོམ་པར་བྲེལ་བཞིན་ཡོད།

ལི་ཤིང་གི་སྡོང་པོ་ཆེ་ཞིང་ལོ་མ་ཡང་ཆེ་བ་དང་ཕལ་ཆེར་མཐོ་ཚད་སྨི10ཡས་མས་སུ་ཡོད། ཤིང་སྡོང་གི་ཡལ་ག་རྒྱས་ཤིང་གདུགས་ལྟ་བུ་ཕྱོགས་བཞིར་བསྲིངས་ནས་ཡོད། ལི་ཤིང་ལོ་བརྒྱར་ལོན་པ་མང་པོ་ཡོད་ཅིང་། ཕལ་ཆེར་མིང་གོའི་དུས་སུ་བཙུགས་པ་ཡིན་ཞིང་། མིང་རྒྱལ་རབས་དང་ཆིང་རྒྱལ་རབ་དུས་སུ་བཙུགས་པའི་ལི་ཤིང་ཡང་ཡོད། གནའ་རབས་ཀྱི་ལི་ཤིང་ལོ་བརྒྱ་ཕྲག་ཁ་ཤས་ལོན་པ་དེ་ཚོ་ད་དུང་ལོ་འདབ་རྒྱས་ཤིང་མེ་ཏོག་བཞད་པ་ན་རྨ་བྱས་སྒྲོ་གུར་ཕུབ་པ་དང་གཉིས་སུ་མ་མཆིས།།

( ལྷ་འཛོམས་ཀྱིས་བྲིས།)