༼ ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་རེ་གཉིས་པའི་པར་ངོས་གཉིས་པའི་འཕྲོར་མཐུད། ༽ མདོར་ན་རྨོན་ལས་སྤྱིའི་ཆ་ནས་གནའ་མི་ཚོར་ཐོང་གཤོལ་དང་འབྲེལ་བ་ལ་གཤོལ་མགོར་མཐོ་ལྔ། གཉའ་ཤིང་ལ་མཐོ་བདུན། གཤོལ་མདར་མཐོ་བཅུ་གཉིས་ཞེས་དང་། ཡང་རྨོན་མཛོ་དང་འབྲེལ་བ་ལ། གཉའ་སྒ་ལ་འཚེམ་བུ་མེད་པ། གཤོལ་མདའ་ལ་ཀྱག་ཀྱོག་མེད་པ། གཅུར་ཕུར་ལ་རིང་ཐུང་མེད་པ། སྣ་འཇུ་ལ་རྩུབ་རགས་མེད་པ། རྭ་ཐག་ལ་དམ་ལྷོད་མེད་པ་བཅས་ལྔ་དང་། རྨོད་མཁན་དང་འབྲེལ་བ་ལ། རོལ་ལ་སྦོམ་ཕྲ་མེད་པ། གཤོལ་ཁུག་ལ་སྤོ་གནོན་མེད་པ། ལྕག་ཚན་ལ་མདུད་པ་མེད་པ། རྨོན་མཛོ་ལ་རྟིང་ལྕགས་མེད་པ། སྣ་ཐིག་ལ་ཧབ་འཐེན་མེད་པ། སྤར་སོན་ལ་མང་ཉུང་མེད་པ། རོལ་ཤུལ་ལ་རྐང་བརྫིས་མེད་པ་བཅས་བདུན་སོགས་ལ་མན་ངག་ལྔ་བདུན་བཅུ་གཉིས་ཞེས་གསུངས་སྲོལ་ཡོད་པ་བཞིན་དུ་བྱེད་པ་ཡིན།
ཡུལ་འདིའི་ཞིང་རྨོད་བྱེད་ཀྱི་རྨོན་ཆས་ཀྱི་ཆ་ནས་མ་མཐའང་དུས་རབས་སྔ་མའི་འགོ་ནས་ད་ལྟའི་བར་དུ་འགྱུར་བ་ཆེན་པོ་གསུམ་བྱུང་ཡོད་དེ། དུས་རབས་སྔ་མའི་སྟོད་ལ་ཐོང་གཤོལ་རྙིང་པ་སྤྱད་ཅིང་། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ནང་ནས་ཐོང་གཤོལ་གསར་པ་རིགས་མི་འདྲ་དུ་མས་རྨོད་བའི་འགོ་བཙུགས་ལ། དུས་རབས་ཉེར་གཅིག་གི་ལོ་རབས་ཉི་ཤུ་ཡན་མན་ལ་སླེབས་རྗེས་ལུང་པ་སྟོད་སྨད་ཀུན་ལ་རི་ཞིང་ངོས་གསེག་པ་འགའ་རེ་མ་གཏོགས་ཚང་མ་འདྲུད་འཐེན་འཕྲུལ་ཆས་ཀྱིས་རྨོད་བཞིན་ཡོད།