ཞིང་པ་ཚོའི་ངག་ལ་ཐོང་གཤོལ་རྙིང་པ་ལ་བོད་གཤོལ་དང་གསར་པ་ལ་རྒྱ་གཤོལ་ཞེས་འབོད་སྲོལ་ཡོད། རྒྱ་གཤོལ་གྱིས་རྨོས་པས་ས་གདིང་ཟབ་ལི་སྨི༢༦ལྷག་ལ་སླེབས་ཐུབ་པར་བྱུང་བ་དེ་བོད་གཤོལ་རྙིང་པ་ལས་ཟབ་ཚད་ལི་སྨི༣ནས༧འཕར་ཞིང་། དེས་ས་ཞིང་གི་རྒྱུ་སྤུས་ཇེ་བཟང་དུ་འགྲོ་བ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།རྒྱ་གཤོལ་གཉའ་ཐོང་གཤོལ་ཆ་ཚང་ཞིག་ལ་གཙོ་བོ་གཉའ་ཤིང་དང་། གཤོལ་མདའ། གཤོལ་འགོ། གཤོལ་ཐག། རོལ་སྐོར། ལྕག་ཚན་སོགས་དགོས། དེ་ལས་གཉའ་ཤིང་ནི་རྨོད་དུས་མཛོ་གཉིས་ཀྱི་གཉའ་རུ་བཞག་ནས་ཕན་ཚུན་སྦྲེལ་ཏེ། ཡིན་གཅིག་མིན་གཅིག་ཤིང་གི་རིགས་ལས་ཤིན་ཏུ་ཡང་བའི་ལྕང་མས་བཟོས་པ་ཡིན། དེར་མཛོའི་གཉའ་ལྟག་ཏུ་ཁེལ་པ་ལ་ཕྱིང་པ་སོགས་ཀྱི་དཀྲིས་པ་ལ་གཉའ་སྟན་ནམ་གཉའ་ལྕིབས་དང་། གཉའ་ཤིང་གི་སྣེ་སོ་སོར་མཛོ་སྐེའི་ལོགས་གཉིས་སུ་གཏང་དགོས་པའི་དབྱུག་པ་གཉིས་ཡོད་པ་ལ་སྐེ་ཤིང་། དེའི་སྣེ་མོ་ཕན་ཚུན་སྦྲེལ་བྱེད་ཀྱི་རྒྱུན་བུ་ལ་ཨོག་སྒྲོག། སྐེ་ཤིང་གི་རྩ་ལ་བཏགས་ཤིང་མཛོའི་རྭ་ཅོ་ལ་བསྐོན་དགོས་པའི་ལུང་ཐག་གཉིས་ལ་རྭ་ཐག་བཅས་ཡོད། ཐོང་གཤོལ་གྱི་རྩེ་མོའི་སློག་བྱེད་གཤོལ་ལྕགས་ལ་ཐོང་སོ་དང་། བསློགས་པའི་ས་ལོགས་གཅིག་ཏུ་འཕེན་བྱེད་ལ་གཤོག་པ། ཐོང་སོའི་ལྡོག་ཕྱོགས་ཀྱི་སྣེ་མོར་སྤྲད་པའི་ལྕགས་ལ་ཕྱི་རྟིང་། དེ་དག་སྦྱར་སའི་གཞི་ལ་འགྲམ་པ་ཟེར། གཤོལ་མདའ་དང་སྦྲེལ་ཕྱོགས་ཀྱི་གཤོལ་རྟེན་དུ་ཡོད་པའི་ལྕགས་ཀྱི་འཁོར་ལོ་ལ་འཕང་ལོ་ཟེར་ཞིང་གཙོ་བོ་ས་གདིང་ཟུག་ཆེ་ཆུང་ཚད་འཛིན་བྱེད་ཡིན་ཡང་མཛོ་ལ་འཐེན་ཁ་ཡང་བ་ལའང་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། གཉའ་ཤིང་དང་གཤོལ་མདའ་སྒྲོག་བྱེད་ཀྱི་ཐག་པ་ལ་གཤོལ་ཐག་ཟེར། གཤོལ་འགོར་རྨོད་མཁན་གྱི་ལག་པས་འཇུ་ས་ན་དབྱུག་པ་ཆུང་ངུ་ཞིག་སྤྲད་ཡོད་པ་ལ་འཁྱོག་བཟུང་ཟེར། མཛོ་སྣ་ནས་གཤོལ་མགོའི་འཁྱོག་བཟུང་ལ་འཐེན་པའི་ཐག་པ་ལ་རོལ་ཐག་དང་རོལ་སྐོར་སོགས་ས་གནས་སོ་སོའི་མིང་འབོད་ཚུལ་མི་འདྲ་བ་ཡོད། གཙོ་བོ་མཛོ་སྣ་ཁ་ལོ་བསྒྱུར་བ་དང་འགྲོ་ཚད་འདུག་ཚད་བཟུང་ནས་རོལ་དྲང་པོར་སྲོང་བྱེད་ཡིན་ལ། མཛོ་སྣ་ལ་ཕན་པ་དང་ཡང་བའི་ཕྱིར་ཀོ་བས་བཟོས་པའི་འབྲེང་པ་ལས་རྩིད་པ་སོགས་རྒྱུ་གཞན་གྱིས་བཟོས་པས་མི་རུང་། བོད་གཤོལ་ལ་གནའ་མི་ཚོས་མན་ངག་ལྔ་བདུན་བཅུ་གཉིས་ཞེས་གཤོལ་འགོར་མཐོ་ལྔ། གཉའ་ཤིང་ལ་མཐོ་བདུན། གཤོལ་མདར་མཐོ་བཅུ་གཉིས་དགོས་པ་གསུངས། དེ་ལས་གཤོལ་འགོ་དང་གཤོལ་མདའ་གཉིས་རྒྱ་གཤོལ་ལྟར་སོ་སོར་འབྱེད་དུ་མེད་པར་གཞི་གཅིག་ཏུ་གྱུར་ཡོད། དེ་ནི་ཐོང་གུག་དང་། གཤོལ་མདའ། འགྲམ་ལྷན། ཐོང་ལྕགས། འཁྱོག་བཟུང་སོགས་ལས་གྲུབ་པ་སྟེ། ཐོང་གུག་ནི་རང་ཤུགས་སུ་ཚད་དང་མཐུན་པའི་གུག་ཆ་ཡོད་པའི་ཤིང་ལ་མིས་བཟོ་བཅོས་བརྒྱབ་ནས་བཟོས་ཤིང་། ཐོང་གཤོལ་ཧྲིལ་བོའི་མ་གཞི་ཡིན། གཤོལ་མདའ་ནི་ཐོང་གཤོལ་གཉའ་ཤིང་དང་སྦྲེལ་བྱེད་ཀྱི་ཤིང་སྟེ་ཐོང་གུག་ལ་བརྟན་པོར་སྤྲད་ཡོད། ཐོང་ལྕགས་ནི་མགར་བས་ལྕགས་ལས་བཟོས་ཤིང་ཐོང་གུག་གི་རྩེ་མོར་སྤྲད་ནས་བྱེད་ལས་གཙོ་བོ་ཞིང་ས་སློག་བྱེད་ངོ་མ་དེ་ཡིན། འགྲམ་ལྷན་ནི་ཐོང་ལྕགས་བརྟན་བརླིང་དུ་གནས་ཕྱིར་ཐོང་གུག་གི་རྩེ་མོའི་ལོགས་དང་མཉམ་དུ་གཤིབས་ཏེ་ཐོང་ལྕགས་ཀྱི་མིག་ཏུ་བརྫངས་པའི་ཤིང་གི་གཟེར་མ་ལ་ཟེར། ལྕག་ཚན་ནི་རྒྱུན་བུ་དང་ཡུ་བ་གཉིས་ཀྱིས་གྲུབ་ཅིང་རྒྱུན་བུ་ཕྲ་ལ་ལྕག་ཡུ་ལས་ཅུང་རིང་བ་མདུད་པ་སོགས་མེད་པ་དགོས། ཕྲ་བས་ཚ་ལ་མདུད་པ་སོགས་ཡོད་ན་ཕྱུགས་ཟོག་རྨས་པའི་ཉེན་ཁ་ལྡན་ཕྱིར་སྤང་དགོས། རྨོན་མཛོ་ཟུང་དང་དེ་ལྟ་བུའི་རྨོན་ཆས་ཆ་ཚང་བ་ཞིག་ལ་རྨོན་དོར་གཅིག་ཟེར་བཞིན་ཡོད། རྨོད་བྱེད་ཀྱི་སྔ་ཕྱིའི་འགྱུར་བ་གསུམ་ནི་གཙོ་བོ་ལག་ཆའི་འགྱུར་བ་ཞིག་སྟེ། དེས་མི་དང་ཟོག་ལ་དཀའ་ལས་ཆུང་ངུར་བཏང་བ་དང་ལྷག་པར་དུ་འཕྲུལ་ཆས་ཀྱིས་རྨོད་པས་མི་ལ་སྟབས་ཇེ་བདེ་དང་། དཀའ་ལས་ཇེ་ཆུང་། རྨོད་ཡུན་ཇེ་ཐུང་སོགས་གནམ་ས་བླ་འོག་ཏུ་བསྒྱུར་པའི་ཕན་ཐོགས་བསྐྲུན་ཡོད། འོན་ཀྱང་ཐོན་སྐྱེད་འབྲས་བུའི་ཆ་ནས་འཕྲུལ་ཆས་ཀྱིས་རྨོས་པས་གཉའ་ཤིང་གིས་རྨོ་བ་ལས་འབྲས་བུ་ལྷག་པར་འབྱུང་བར་འགྱུར་ཐུབ་མེད།
ཞིང་རྨོད་མཁན་ལ་ས་ཆ་ཕལ་ཆེར་སྐྱེས་པ་ལས་བུད་མེད་ཀྱིས་རྨོ་སྲོལ་མེད། བུད་མེད་ཀྱིས་རྨོ་བ་ལ་སྡིག་པ་ལྷག་པར་ཆེ་བ་སོགས་སྐྱོན་སྣ་ཚོགས་ཤིག་བརྗོད་སྲོལ་ཡོད་ཀྱང་། དོན་དུ་ཞིང་རྨོ་བ་ནི་ཤེད་ཤུགས་འཕུད་དགོས་པའི་ལས་ཀ་ཞིག་ཡིན་ཕྱིར་སྐྱེས་པའི་ལས་ཀ་གཙོ་བོ་ཞིག་ཏུ་གྱུར་པ་ཡིན། ཁྱིམ་ལ་སྐྱེས་པ་མེད་ན་གཞན་ལག་པོད་བྱེད་པ་དང་གླ་གཏོང་བ། རོགས་བཀུག་པ་སོགས་ཀྱིས་རྨོ་ལ་འུ་མ་ཐུག་ན་བུད་མེད་ཀྱིས་རྨོ་བ་དཀོན།
གྲོང་པ་གཅིག་གི་དུད་ཚང་ཡོངས་ཀྱི་རྨོན་ལེགས་པར་གྲུབ་རྗེས་སྐྱེས་པ་ཚང་མས་བསྡུ་ཆ་བསྡུས་ནས་ཚ་ཆུར་ཁྲུས་སུ་ཞག་ཏུ་བསྡད་པའམ་གནས་གང་ན་མཉམ་དུ་ཆང་འཐུང་བ་དང་། ཤོ་སྦག་རྩེ་བ། སྒྲུང་བཤད་པ། ཟས་སྣ་ཚོགས་ལ་ལོངས་སུ་སྤྱོད་པ་སོགས་ཅི་དགའ་གང་སྤྲོའི་ངང་སྐྱིད་སྐྱིད་དུ་འདུས་སྲོལ་ཡོད་དོ།།
ད་ལྟར་ཡུལ་ཀུན་ན་འཕྲུལ་ཆས་ཀྱིས་རྨོད་བཞིན་ཡོད། ཡུལ་སྟོད་སྨད་གང་དུ་སོང་ཡང་ཞིང་རྨོད་ཡུན་ལ་ཉིན་གཅིག་གཉིས་ལས་མི་འགོར་པ་ཡིན། ཡ་མཚན་དགོས་པ་ཞིག་ལ་སྔོན་ཆད་གཟའ་འཁོར་དང་ཟླ་བ་ལ་རྨོ་དགོས་པ་རྣམས་དེང་སང་འཕྲུལ་ཆས་ཀྱིས་ཉིན་གཅིག་གཉིས་ཀྱིས་རྨོས་ཚར་འགྲོ་ཡང་ས་ཆ་འགའ་རེ་ན་མི་ཚོ་གྲོང་རོགས་ཁྱིམ་མཚེས་བར་དུ་སྔོན་ལ་སུ་སླེབས་ཀྱི་འགྲན་རྩོད་བྱེད་པའི་ལུགས་སྲོལ་ཞིག་གསར་དུ་དར་བ་སྟེ། ཞིང་རྨོད་པའི་ཉིན་དེ་ལ་གྲོང་ཕྱི་ནང་དང་ཐག་རིང་ཐུང་མེད་པའི་གཉེན་ཉེ་ཤག་གྲོགས་ཡོངས་རྫོགས་ཀྱིས་རང་རང་སོ་སོར་འཕྲུལ་ཆས་ཅི་ཡོད་ཐམས་ཅད་གཅིག་ཏུ་འཚངས་པའི་དཔུང་ཚོགས་བསྒྲིགས་ནས་གྲོང་ཁྱིམ་མཚེས་དང་རྨོ་སུས་མགྱོགས་སུ་འགྲན་ཞིང་། སྔོན་མར་སླེབས་པ་ཚོས་རྗེས་སུ་ལུས་པ་རྣམས་ལ་རོགས་མི་བྱེད་པར་གྱུར། དེ་བས་མི་ཚོས་བུ་རང་ལ་མེད་ན་མེད་ངེས།། སྲོག་ནག་པོ་ཆད་ན་ཆད་ངེས།། ཞེས་ཟེར་ནས་གཅིག་གིས་གཅིག་ལ་ཨེ་དོ་དང་གཅིག་གིས་གཅིག་ལས་ཨེ་མགྱོགས་བལྟས་པས་དཔུང་ཆེན་པོ་ཚོས་ཞིང་ལག་མཐིལ་འདྲ་བ་ཞིག་ཏུ་འཕྲུལ་ཆས་བཞི་ལྔ་འཚངས་ནས་རྨོ་ཞིང་། ཞིང་ཁ་དང་ཞིང་འདབས་སུ་མོ་ཊ་དང་འཕྲུལ་རྟ་སོགས་སྟར་བསྒྲིགས་ནས་མི་ལ་ཤོམ་ར་བཤམས་ལ། དཔུང་ཆུང་ངུ་དག་གིས་ཉིན་མོ་མི་ཚད་མཚན་མོ་ལའང་འཇབ་ཀྱིས་ལངས་ནས་ལས་ལ་བྲེལ། འུ་ཐུག་པ་རྣམས་ཀྱིས་སྟོན་སློག་དང་ཡང་སློག་གང་ཡང་མེད་པར་དཔྱིད་ཀར་སྐྱ་ཤུལ་དུ་ཐད་ཀར་ས་བོན་བཏབ་ནས་རྨོས་པ་ཡང་མཐོང་སྲིད་དོ།།
འཛམ་གླིང་གི་གནའ་རབས་ཞིང་ལས་སྐབས་ཀྱི་ས་ཞིང་རྨོད་བཀོལ་བྱེད་ལུགས་ཀྱི་འཕེལ་ཚུལ་ལ་མཚོན་ན། ཞིང་ལས་འཕེལ་རྒྱས་འགྲོ་མགྱོགས་སྔ་ཤོས་ཀྱི་ཡོ་རོབ་གླིང་གི་རྨོ་ལུགས་འཕེལ་རིམ་ནི། དུས་རབས་བཅུ་བདུན་པའི་སྔོན་དུ་གཙོ་བོ་ཞིང་ས་ཆེན་པོ་གཅིག་དེ་ཆ་མཉམ་པའི་དུམ་བུ་གཉིས་སུ་བགོས་ཏེ་ལོ་རེ་རེ་བཞིན་དུ་དུམ་བུ་གཅིག་རྨོས་ཤིང་ཅིག་ཤོས་བསྙལ་གསོར་མ་རྨོས་ནས་འཇོག་རེས་བྱེད་པ་དང་། དེའི་རྗེས་ཞིང་ལས་ཅུང་ཡར་རྒྱས་སོང་བའི་ཡུལ་དུ་ཞིང་ཧྲིལ་བོ་ཞིག་ཆ་གསུམ་དུ་ཕྱེ་སྟེ་དཔེར་ན་ཆ་གཅིག་ལ་དགུན་གྲོ་དང་ཆ་གཅིག་ལ་
དཔྱིད་གྲོ། ཆ་གཅིག་ལ་སྐྱ་སར་བཞག་པ་ལྟ་བུ་བྱེད་པའི་རྨོ་རེས་བྱེད་པའི་རྨོ་ལུགས་དར། རྨོད་ཚུལ་དེ་དག་ལ་ཞིང་འབོར་ཆེ་མ་རྨོས་པར་ལྷག་ཅིང་ས་ཞིང་བེད་སྤྱོད་བྱེད་ཚད་དམའ་བ་སོགས་ཀྱིས་ཞིང་འབྲོག་ལས་ཀའི་འཕེལ་རྒྱས་ལ་བཀག་འགོག་ཐེབས་པས་དུས་རབས་བཅུ་བདུན་པ་ནས་ལོ་གཉིས་རེར་རྨོས་རྗེས་ལོ་རེར་སྐྱ་སར་བཞག་ནས་བསྙལ་གསོ་བྱེད་པའམ་ལོ་གསུམ་བསྟུད་དེ་རྨོས་རྗེས་ལོ་གཅིག་སྐྱ་སར་བཞག་ནས་ངལ་གསོ་བའི་སྐྱ་སར་འཇོག་པའི་རྨོ་ལུགས་སུ་འགྱུར། དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་པར་ཡུལ་གྲུ་སྤྱིའི་མི་གྲངས་ཚ་འཕེལ་བྱུང་ནས་འབྲུ་རིགས་མཁོ་དགོས་ཇེ་ཆེར་འཕར་བ་དང་། མི་ཚོས་ལོ་ཏོག་རིགས་གསར་པ་ནང་འདྲེན་བྱས་ཏེ་སྣ་ཁ་ཇེ་མང་དུ་གྱུར་པ་བཅས་དང་བསྟུན་ནས་ཕྱུགས་རྩྭ་དང་འབྲས་བུ་ས་འོག་ཏུ་ཐོགས་པའི་རིགས་སོགས་ཞིང་གི་ས་བཅུད་དང་ལུད་ཤེད་སོས་པའི་ལོ་ཏོག་རྨོད་འདེབས་བྱེད་པ་ཡིས་སྐྱ་སར་བཞག་ནས་བསྙལ་གསོ་བྱེད་པའི་ཚབ་བྱས་པས་སྐྱ་སར་འཇོག་པའི་ལུགས་མཚམས་ཆད་དེ་ལོ་ཏོག་བརྗེ་རེས་བྱས་ནས་བཏབ་པའི་ལུགས་སུ་འཕེལ་རྒྱས་ཕྱིན། རྨོ་ལུགས་ཀྱི་འགྱུར་ལྡོག་གཞན་ཞིག་ནི། དུས་རབས་བཅུ་བདུན་པའི་སྔོན་ལ་ཞིང་ས་གཅིག་དུམ་བུ་མང་པོར་བཤགས་ནས་ཞིང་པའི་ཁྱིམ་ཚང་དུ་མ་ལ་བགོས་ཏེ་རྨོད་འདེབས་བྱེད་དུ་བཅུག་ཅིང་སྟོན་ཐོག་ལེན་རྗེས་ས་ཞིང་དུ་རང་གཞན་དབྱེ་བ་མེད་པར་ཚང་མས་མཉམ་དུ་ཕྱུགས་ཟོག་འཚོ་རྫི་བྱེད་པའི་ལམ་ལུགས་སྤྱད། དེར་ཁྱིམ་ཚང་སོ་སོས་སོ་ནམ་ཁ་ཁར་བྱས་ན་ཞིང་གཅིག་ལ་རྨོད་འདེབས་བྱེད་མཁན་མང་བས་ལས་ཀ་གཅིག་གྱུར་དཀའ་བ་དང་ཆུ་འདྲེན་པ་རྨོད་འདེབས་བྱེད་པ་སོགས་སྟབས་མི་བདེ་ལ། རྨོད་འདེབས་མཉམ་དུ་བྱས་ན་མི་ལ་ལས་ཀའི་ངར་ཤུགས་མེད་ཅིང་ལག་རྩལ་གསར་པ་བེད་སྤྱོད་དཀའ་བ་སོགས་ཀྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་བཀག་འགོག་ཐེབས་པ་དང་། ཞིང་པ་དུད་ཚང་ཆེན་པོས་ཕྱུགས་ཟོག་འབོར་ཆེན་གསོས་ཏེ་ས་ཞིང་གིས་མི་སོས་པར་གྱུར་པ་སོགས་ཞིང་འབྲོག་གཉིས་ཀའི་འཕེལ་རྒྱས་ལ་བཀག་འགོག་ཐེབས་སྟབས་དུས་རབས་བཅོ་བརྒྱད་པ་ནས་འབྱོར་ལྡན་ཕྱུག་པོ་ཚོས་ས་ཞིང་སྒེར་བདག་སྐོར་བའི་ལམ་ལུགས་སུ་འཕེལ་ཏེ་དུས་རབས་བཅུ་དགུ་པར་རྒྱལ་ཁབ་ཕལ་མོ་ཆེའི་ལུགས་སྔ་མ་མཚམས་ཆད་པར་གྱུར། དེ་ལས་རྨོད་སྟངས་ཁོ་ནའི་ཐད་ནས་བལྟས་ན་ཞིང་ཞིག་དུས་ཀྱི་ཆ་ནས་ལོ་ལྟར་ཞིང་ཕྱེད་ཀ་སྐྱ་སར་བཞག་པ་ནས་ལོ་གཉིས་རེར་སྐྱ་ས་ཐེངས་རེ་བཞག་པ་དང་། དེ་ནས་ལོ་གསུམ་རེ་ལ་ཐེངས་རེ་བཞག་པ། དེ་ནས་སྐྱ་སར་གཏན་ནས་མི་འཇོག་པར་འགྱུར་བ་དང་། ཡུལ་གྱི་ཆ་ནས་དུམ་བུ་མང་པོ་བཀར་ནས་སོ་ནམ་བྱེད་པ་ནས་ཧྲིལ་གཅིག་ཏུ་སོ་ནམ་བྱེད་པ་བཅས་སུ་ཡར་རྒྱས་སོང་བའི་རྣམ་པ་དོད་ཀྱང་ཕག་ན་སྤྱི་ཚོགས་ཧྲིལ་བོའི་སོ་ནམ་བྱེད་པའི་ལག་རྩལ་དང་དོ་དམ་བྱེད་པའི་ནུས་རྩལ། མིའི་ལོངས་སུ་སྤྱོད་པའི་འབྲུ་རིགས་རྣམ་གྲངས་དང་ས་བཅུད་བསྐྱར་གསོ་བྱེད་པའི་རྫས་ཆ་སོགས་འཕེལ་རྒྱས་བྱུང་པའི་རྒྱབ་རྟེན་ཡོད་པ་ནི་བཤད་མི་དགོས་པ་རེད། དེང་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ཡས་མས་ནས་འཕྲུལ་ཆས་དང་རྫས་འགྱུར་རིག་པ་སོགས་བེད་སྤྱོད་པའི་དེང་རབས་ཀྱི་ཞིང་ལས་བྱུང་ཡོད། དེ་ལྟར་བྱས་ན། ཡུལ་འདིར་དེང་སང་རྨོད་བྱེད་འཕྲུལ་ཆས་སུ་གྱུར་ན་ཡང་ཞིང་ས་བཀོལ་སྤྱོད་བྱེད་སྟངས་ཀྱི་ཆ་ནས་ནང་ཞིང་དུམ་བུར་བགོས་ཏེ་སྲན་ནས་བརྗེ་རེས་བྱས་ནས་ལོ་ལྟར་རྨོད་པ་དང་ཕྱི་ཞིང་ལོ་རེར་རྨོས་ཤིང་ལོ་རེར་སྐྱ་སར་བཞག་པ་རྣམས་ཕལ་ཆེར་ཡོ་རོབ་པའི་དུས་རབས་བཅུ་བདུན་བཅོ་བརྒྱད་སྐབས་ཀྱི་ལུགས་དང་མཐུན་པར་སྣང་ངོ་།། ( རྫོགས་སོ།)