国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱོ་བ་མེད་པའི་མི་ཚེ།

ངས་གླུ་དབྱངས་བླང་ན་འོས། ཡིད་མུག་དང་གོད་ཆག་མིན་པའི། སྡུག་བསྔལ་དང་ཁེར་རྐྱང་མིན་པའི། སོས་ཀའི་ཆར་རླུང་ལྟ་བུ། བརྩེ་བ་དང་བདེ་སྐྱིད་ལྟ་བུ་གླུ་རུ་བླང་ན་འོས། ངས་འཚོ་བ་དང་མི་ཚེ། ཉི་འོད་དང་ཉི་འོད་ཀྱིས་བཞད་པའི་མེ་ཏོག་ལ་བལྟས་ན་འོས། ངས་ཡུན་ཐུང་བའི་དུས་ཚོད་སྤྱད་དེ་གསོན་པ་ནི་བདེ་སྐྱིད་དང་ལྡན་པ་འོ་ཞེས་གཞན་ལ་བསྒྲགས་ན་འོས། ངས་ས་ཆེན་གྱི་པང་ན། ཉི་ཟླའི་འོག་ན་གསོན་བཞིན་པའི་འུ་ཅག་ཅི་འདྲའི་བདེ་སྐྱིད་ལྡན་ཞེས་བརྗོད་ན་འོས། ཡིན་ཡང་ངས་ཡུགས་ས་མོ་དག་དང་དྭ་ཕྲུག་དག་ལ་ཇི་ལྟར་བྱས་ཀྱང་གསོན་པ་ནི་བདེ་སྐྱིད་དང་ལྡན་པ་འོ་ཞེས་བརྗོད་མི་ཕོད། ངས་ཚེ་སྲོག་ལ་རེ་བ་ཆད་སོང་བའི་མི་དང་གསོན་པ་ནི་ཡིད་དུ་འོང་བ་འོ་ཞེས་བརྗོད་མི་ཕོད། དེ་ལྟ་ནའང་སེམས་ལྡན་ཡོད་ཚད་ཀྱི་གསོན་པ་ནི་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་དགོས་པ་དང་ཡིན་འོས་པ་ཞིག་ཏུ་འདོད།

ངས་ལས་དབང་དང་དཀོན་མཆོག་ལ་འདས་ཚར་བའི་ལོ་ཟླ་དེར་ཕྱིར་འཁྲིད་རོགས་མི་ཟེར། སྐྱོ་ཡུས་མེད་པའི་བྱིས་དུས་ཀྱི་འཚོ་བ་དེ་ཡང་བསྐྱར་རོལ་དགོས་པའི་འདོད་རྔམས་མི་ཁྱེར། ངས་རང་ཉིད་ཉིན་རེ་བཞིན་རྒ་འགྲོ་བ་དང་འཆི་བར་ཉེ་བཞིན་ཡོད་པར་འཁང་ར་མི་བྱེད།ལང་ཚོའི་ཁ་དོག་སྐྱ་ཟད་སྔོ་རྡུགས་སུ་གྱུར་ཏེ་འདུ་འབྲལ་གྱི་གཏམ་རྒྱུད་རེ་རེ་བཞིན་རྫོགས་ཚིགས་བཀོད་ཀྱང་སེམས་ཚེགས་མི་བྱེད། ངས་རང་གི་མི་ཚེ་ནང་དུ་ཉིན་རྒྱུན་གོད་ཆག་དང་ཐོབ་ཤོར་འབྱུང་བཞིན་ཡོད་པ་ཤེས་ན་ཡང་། སྤོབས་པ་ཆེན་པོས་བདེ་སྐྱིད་ཀྱི་འཛུམ་བག་དང་བཅས་ཏེ་མདུན་བསུ་རྩི་བྱེད། ངས་ནམ་ཡང་རང་ལ་མི་ཚེར་བཅངས་པའི་བདེ་སྐྱིད་ཀྱི་ལྟ་བ་འདོར་མི་རུང་བའི་གནས་ལུགས་བཤད་པ་དང་། ཞི་འཇམ་དང་མཛའ་སེམས་ལྡན་པའི་མི་ཞིག་ཡིན་དགོས་པའི་སྐུལ་འདེད་ཨེ་ནུས་བལྟ། ངས་འུ་ཅག་སྟེ་བདེ་སྡུག་གི་ཚོར་ཤེས་ཅན་གྱི་སེམས་ལྡན་ཡོད་དོ་ཅོག་གིས་སྐྱེ་རྒ་ན་འཆི་དང་བྲལ་བའི་རང་དབང་གི་བདེ་བ་ལོངས་སུ་སྤྱད་མ་ཐུབ་ཀྱང་། ཡུན་ཐུང་གཞན་དབང་དུ་གྱུར་པའི་གསོན་པའི་དུས་ཚོད་ནང་དུ་བདེ་སྐྱིད་ཕྲན་ཙམ་ཐོབ་ན་སྙམ། བདེ་སྐྱིད་དེ་ཡང་འདོད་ཧམ་དང་གཞན་གྱི་སྡུག་བསྔལ་ལས་བྱུང་བ་མ་ལགས་ཏེ། ང་ཚོས་གཞན་ཉིད་སྡུག་ལ་སྦྱར་ཏེ་རང་ཉིད་སྐྱིད་འདོད་པ་ནི་བདེ་སྐྱིད་རང་མཚན་པ་ཞིག་མི་སྙམ་མོ།། ངས་འཚོ་བའི་དྲོ་གྲང་སྙོམས་བྱེད་དུ་ཉི་ཟླ་ཇི་བཞིན་ཕ་མ་ཟུང་ཞིག་ཡོད་པ་དང་བདེ་ཐང་གི་ལུས་སེམས་ཆ་གཅིག་བདོག་པར་སྤྲོ་བ་ཆེན་པོས་བལྟ་བར་བྱ། ངས་ཡིད་དུ་མི་འོངས་པའི་གཟུགས་མཐོང་བ་དང་སེམས་པ་འཁྲུག་བྱེད་ཚིག་ཐོས་པ་ཡོད་ཚད་འདོར་ཨེ་ནུས་བལྟ། ད་ནས་བཟུང་སྟེ་ངས་མིག་ཟུང་དང་རྣ་བ་སྤྱད་དེ་ཡིད་འོངས་ཀྱི་གཟུགས་སྒྲ་ལོངས་སུ་སྤྱད་ཤེས་པར་བྱ། ངས་སྨྲ་ལྕེ་དང་འཛུམ་བག་ལས་གཞན་ལ་བདེ་སྐྱིད་ཀྱི་ཚོར་བ་སྦྱིན་ཨེ་ནུས་བལྟ། ངས་མིག་ཟུང་དང་རྣ་བ་བཀབ་སྟེ་འོན་ལྐུགས་ཀྱི་འཇིག་རྟེན་དེར་མྱོང་རོལ་ཅུང་ཙམ་བྱེད་པ་དང་། དེའི་རྗེས་ངས་བདེ་སྐྱིད་ཀྱི་མིག་ཆུ་ཉམ་ཐག་འོན་ལྐུགས་དག་གི་དོན་དུ་བཞུར་བར་བྱེད། ངས་བརྩེ་བ་དང་སྙིང་རྗེར་འབྲེལ་བ་མཐའ་དག་བདེ་སྐྱིད་དུ་བལྟ་ཐུབ་པ་དང་གཞན་ཕན་དུ་གཏོགས་པ་ཡོད་ཚད་དོན་སྙིང་དུ་སྒོམ་ཐུབ་པའི་སྨོན་འདུན་འཆང་བར་བྱེད། ངས་ཚེ་བཙོན་བྱས་ཟིན་པའི་བཙོན་མ་ཞིག་གིས་མི་ཚེའི་ནང་དུ་ཆེས་བདེ་སྐྱིད་ཆེ་བ་ནི། ཉིན་གཅིག་གི་ནང་དུ་ཆུ་ཚོད་གཅིག་ལ་ཉི་མ་ལྡེ་ཆོག་པ་དེའོ་ཞེས་པའི་གདམས་ངག་སེམས་སུ་གཟུང་བར་བྱ། ངས་རང་ཉིད་ཅི་ཡང་མི་ནུས་མཁན་ཞིག་ཡིན་པ་ཤེས་བཞིན་དུ་རློམ་སེམས་ཆེན་པོས་མི་ཚེ་ནི་རླབས་ཆེན་དང་བདེ་སྐྱིད་དུ་བལྟ་བར་བྱ། ངས་མ་གཞི་ཚེ་སྲོག་ནི་སྐྱོ་གར་ལས་གྲུབ་པ་མངོན་བཞིན་དུ་དེ་ལ་ངོ་རྒོལ་གྱིས་ཚུལ་དུ་སྤྲོ་གར་གྱིས་བལྟ་བར་བྱ། ངས་རང་ལ་དབང་བའི་རྟག་བརྟན་གྱི་མཛེས་སྡུག་ཅི་ཡང་མེད་པ་ངེས་བཞིན་དུ་སྐད་ཅིག་མར་རྟག་བརྟན་གྱི་བདེ་བ་རྙེད་ཡོད་ཅེས་འབོད་པར་བྱ།

༼ ཞོགས་རྫ་རྔ། ༽