བདག་གི་སྙུ་གུ་ཆག་འཕྲོ་འདིས།
མི་རྣམས་ཀྱིས་མཐོང་མི་སྤྲོ་བ་འབའ་ཞིག་བྲིས།
དཔེར་བཞག་ན།
གསོན་པགས་བཤུས་པའི་གསའ་དང་སྤྱང་ཀི།
མེས་ཚིག་པའི་ལུག་ཁྱུ་དང་མདའ་ཕོག་པའི་ཁྲུང་ཁྲུང་།
ས་ནག་དང་མཉམ་དུ་རུལ་སོང་བའི་ཤ་ཁྲག་གི་ཕུང་པོ།
དོན་མེད་དུ་བཞུར་སོང་བའི་ལོ་དང་ཟླ་བ།
ཉེས་མེད་དུ་བསད་སོང་བའི་མི་དང་དུད་འགྲོ།
དེ་ཡི་རྐྱེན་གྱིས་བདག་གི་སྙུ་གུ་འདི་ཞེ་སྡང་གི་སྙུ་གུ་ཞིག་ཡིན།
བདག་གི་སྙུ་གུ་རལ་བོ་འདིས།
མི་རྣམས་ཀྱིས་ཉན་མི་འདོད་པ་ཁོ་ན་བྲིས།
དཔེར་བཞག་ན།
ཁྲེལ་གཞུང་ཅན་གྱི་བུ་མོ་ཞིག་སྨད་འཚོང་མར་གྱུར་ཚུལ།
དྲང་བདེན་བསྐྱངས་པའི་ཚོང་བ་ཞིག་ཁྲམ་པར་གྱུར་ཚུལ།
གཏོང་ཕོད་ཆེ་བའི་དགེ་རྒན་ཞིག་ལག་དམར་ཏུ་གྱུར་ཚུལ།
དེ་ཡི་རྐྱེན་གྱིས་ང་ཡི་སྙུ་གུ་འདི་གདུག་རྩུབ་ཀྱི་སྙུ་གུ་ཞིག་ཡིན།
ད་ལྟ། བདག་གི་སྙུ་གུ་ཟད་པོ་འདི།
གྲོགས་མེད་ཁེར་རྐྱང་དུ་འགྱུར་བཞིན་འདུག།
རང་གི་མཛུབ་མོ་ཁེར་མས་གནམ་སྔོན་པོ་ཨེ་ཐེག་བལྟ་བའི་
གྲོགས་མེད་ཁེར་རྐྱང་ཞིག་ཏུ་འགྱུར་བཞིན་འདུག།
༼ བུ་ཡུག། ༽