ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ3ཚེས28ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ3ཚེས28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་ཕེབས་པར་དགའ་བསུ་ཞུས་གནང་བ་དང་སྦྲགས་ཁོང་ཚོས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་མཉམ་ལས་ལ་གཞོལ་བར་བསྔགས་བརྗོད་གནང་ཞིང་། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70ལྷག་ཙམ་སོང་བ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་སོང་རིང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་བྱུང་བའི“ངོ་མཚར་ཆེན་པོ་གཉིས”བཏོད་ཡོད། དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ཀྲུང་གོ་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་བྱུང་བ་དང་། ཀྲུང་གོར་ཡོད་པའི་ཕྱི་དངུལ་ཁེ་ལས་ཀྱིས་ལེགས་སྐྱེས་ཕུལ་བ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རོམས་རམ་དང་ཁ་བྲལ་ཐབས་མེད། སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོ་མགྱོགས་མྱུར་འཛམ་གླིང་གི་ཁྲོམ་རར་ཞུགས་ནས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སྙེགས་ཐུབ་ཡོད། གལ་འགངས་ཆེ་བ་ཞིག་ནི་ཕྱི་དངུལ་བེད་སྤྱོད་ཡག་པོ་གཏོང་ཐུབ་པས་རེད། ཕྱི་དངུལ་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱས་པ་ལས་ཀྲུང་གོའི་དཔལ་འབྱོར་དང་ལས་ཞུགས་འཕར་བར་སྐུལ་ཁྲིད་ཐུབ་པ་དང་། ཀྲུང་གོའི་ལག་རྩལ་དང་དོ་དམ་ལ་ཡར་རྒྱས་ཡོང་བར་སྐུལ་འདེད་ཐུབ་པ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཐུབ་ཡོད། ཕྱི་དངུལ་ཁེ་ལས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནང་ཞུགས་མཁན་གལ་ཆེན་ཞིག་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་གསར་སྐྲུན་ནང་ཞུགས་མཁན་གལ་ཆེན་ཞིག ཀྲུང་གོས་འཛམ་གླིང་དང་སྦྲེལ་མཐུད་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་མཉམ་འདྲེས་ནང་ཞུགས་མཁན་གལ་ཆེན་ཞིག་བཅས་རེད།
བརྒྱུད་རིམ་དེའི་ཁྲོད་ཕྱི་དངུལ་ཁེ་ལས་ལ་ཡོངས་ཁྱབ་ཏུ་ཁེ་བཟང་མང་པོ་ཐོབ་པ་དང་། ཁེ་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་ནས་གཉིས་ཁེ་གཉིས་ཕན་བྱུང་བར་མ་ཟད། ཀྲུང་གོའི་མི་དམངས་དང་མཛའ་གྲོགས་ཟབ་མོ་ཆགས་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།
( པར་ངོས་གཉིས་པར་གཟིགས།)