( པར་ངོས་དང་པོར་མཐུད།)
ཞི་ཅིན་ཕིང་གིས་བསྟན་གནང་དོན། ལོ་མང་རིང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་མཁན་གཙོ་བོ་དང་བརྟན་ལྷིང་གི་རྨང་རྡོ་ལྟ་བུ་ཡིན་པ་དང་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཕྱི་ཕྱོགས་སྒོ་དབྱེ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བཞིན་ཡོད་ལ། སྒྲིག་སྲོལ་དང་། སྒྲིག་གཅུན། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བཞིན་ཡོད། སྒོ་དབྱེའི་རྒྱལ་སྒོ་ཇེ་ཙམ་འབྱེད་པ་དེ་ཙམ་གྱིས་ཆེ་རུ་ཕྱིན་པས། ཕྱི་དངུལ་བེད་སྤྱོད་བྱེད་པའི་སྲིད་ཇུས་ལ་འགྱུར་ལྡོག་ཕྱིན་མེད་ལ་འགྱུར་ལྡོག་ཀྱང་འགྲོ་མི་སྲིད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་ཤོས་གཉིས་པ་ཡིན་པ་དང་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་རིམ་གྱི་ཚོགས་སྤྱིའང་ཡོད་པས་མ་འཇོག་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་འདུས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོལ་ཞིང་། ལྗང་མདོག་ཅན་དང་། གྲངས་འཛིན་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཐོན་ལས་ཀྱི་ལེ་ལག་ནུས་པ་ཆེ་བས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་བཀོལ་སྤྱོད་ཁོར་ཡུག་ཡག་ཤོས་ཤིག་རེད། ཀྲུང་གོར་ཕྱི་དངུལ་སྤྱོད་པའི་ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་ལས་ཀའི་མ་ལག་ཅུང་འཐུས་སྒོ་ཚང་པོ་ཞིག་ཆགས་ཡོད་པས། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་ཧུར་ཐག་བསྐྲུན་ཡོད། ཀྲུང་གོས་དུས་ཡུན་རིང་པོར་ཆབ་སྲིད་ཀྱི་གནས་བབ་བརྟན་པོ་དང་སྤྱི་ཚོགས་དུས་བདེ་ཡོང་བ་རྒྱུན་འཁྱོངས་བྱས་པས་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་ལྡན་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། དེ་དག་ལས་ཀྲུང་གོའི་བྱ་གཞག་གི་གར་སྟེགས་ཆེ་བ་དང་། ཁྲོམ་རའི་མདུན་ལམ་ཡངས་པ། སྲིད་ཇུས་ཀྱི་སྔོན་དཔག་བརྟན་པ། བདེ་འཇགས་ཀྱི་དུས་བབ་བཟང་བ་བཅས་མངོན་པས། ཕྱི་དངུལ་ཁེ་ལས་ཀྱི་མ་འཇོག་ལས་དར་བྱེད་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ནི་དུས་དང་རྣམ་པ་ཀུན་དུ་ཕྱི་རྒྱལ་ཚོང་པའི་མ་འཇོག་བྱེད་ཡུལ་ཡག་ཤོས་དང་། བདེ་འཇགས་ལྡན་ཤོས། མདུན་ལམ་ཆེ་ཤོས་བཅས་ཀྱི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་དང་མཉམ་དུ་སྐྱོད་པ་ནི་གོ་སྐབས་དང་མཉམ་དུ་སྐྱོད་པ་ཞིག་དང་། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་འབྱུང་འགྱུར་ལ་ཡིད་ཆེས་བྱེད་པ་ཞིག ཀྲུང་གོར་མ་འཇོག་བྱེད་པ་ནི་འབྱུང་འགྱུར་ལ་མ་འཇོག་བྱེད་པ་ཞིག་བཅས་རེད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱི་རྒྱལ་ཚོང་པའི་མ་འཇོག་དང་ཕྱི་ཕྱོགས་མ་འཇོག་གི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་ལ་འཆར་གཞི་དང་དུས་ཚོད་རེའུ་མིག་བཟོས་ཡོད། ཀྲུང་གོས་ཁྲོམ་རའི་ཞུགས་འཐུས་ཀྱི་སྒོ་ཐེམ་དམའ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་རྒྱུ་དང་། ཀྲུང་གོར་ཡོད་པའི་ཕྱི་དངུལ་ཁེ་ལས་ཀྱིས་འདྲ་མཉམ་ངང་རྒྱལ་དམངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་འགན་ལེན་བྱས་ཏེ་ཁྲོམ་རའི་དྲང་གཞག་འགྲན་རྩོད་སྲུང་སྐྱོང་བྱ་རྒྱུ། ཕྱི་རྒྱལ་ཚོང་པ་དང་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོར་ཉོ་ཚོང་མ་འཇོག་བྱེད་པར་སྟབས་བདེ་གང་ཐུབ་བསྐྲུན་ཏེ་ཕྱི་དངུལ་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་བཅས་ཡིན། དེ་དང་ཆབས་ཅིག ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་ཕྱི་དངུལ་ཁེ་ལས་འཕེལ་རྒྱས་ཆེད་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་གནང་དོན། ཕྱོགས་མང་རིང་ལུགས་ནི་འཛམ་གླིང་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་རེད། ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་ནས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད། ཕྱི་དངུལ་ཁེ་ལས་དང་ལྷག་པར་དུ་རྒྱལ་གྲོལ་ཀུང་སིས་འཛམ་གླིང་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ། འགན་འཁྲི་གལ་ཆེན་ཡང་འཁུར་གྱི་ཡོད། ཕྱོགས་མང་ཚོང་དོན་གྱི་སྒྲིག་སྲོལ་ཐུན་མོང་ཐོག་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་། སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ཏེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཕྱི་དངུལ་ཁེ་ལས་ཀྱི་གོ་ལ་ཧྲིལ་པོའི་ཏུང་ཧྲི་ཀྲང་དང་། དབུ་བཞུགས་ལག་བསྟར་དཔོན། ཚོང་ཚོགས་ཀྱི་འཐུས་མི་བཅས40ལྷག་ཙམ་མཇལ་འཛོམས་ལ་ཞུགས་པ་རེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མྱུར་སྐྱེལ་ཚོགས་པའི་ཙུང་ཚའེ་རུའེ་སི་པོ་དང་། འཇར་མན་གྱི་མེ་སའེ་ཏི་སི—པེན་ཁྲེ་ཚོགས་པའི་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁང་ལིན་སུང་། ཧྥ་རན་སེའི་སའེ་ནུའོ་ཧྥེ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཧན་པའོ་ལུའོ། དབྱིན་ཇིའི་ཧུའེ་ཧྥུང་མ་རྐང་ཚོད་འཛིན་ཚོགས་པའི་སྲིད་འཛིན་ཙུང་ཚའེ་ཨའེ་ཆའོ་ཀྲེ། རི་པིན་གྱི་རི་ལེ་བཟོ་སྐྲུན་ཁང་གི་ཚོགས་གཙོ་ཏུང་ཡོན་མིན་ཀྲའོ། ཧན་གོའི་SKཧའེ་ལི་ཧྲི་ཡི་ཧྲེ་ཀྲང་ཀུའོ་ལུའུ་ཀྲེང་། སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་སིའི་ཙུང་ཚའེ་ནཱ་སེར་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་བརྒྱུད། དཔལ་འབྱོར་བརྟན་པོའི་ངང་འཕར་བ་མངོན་འགྱུར་བྱུང་བ་ནི་ཡིད་སྨོན་སྐྱེ་འོས་པ་ཞིག་ཡོད། “ཀྲུང་གོས་བཟོས་པ”ནས“ཐོན་སྐྱེད་ནུས་ཤུགས་གསར་མ”བར་ཀྲུང་གོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་ནུས་པ་སྦྱིན་པ་ལས། སྤུས་ཚད་དེ་བས་མཐོ་བ་དང་དེ་བས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ནས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ཡངས་པོ་ཡོང་ངེས་རེད། སྲུང་སྐྱོང་རིང་ལུགས་རྫ་དྲག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག་ཀྲུང་གོས་རྒྱུན་ཆད་མེད་པར་སྒོ་དབྱེ་རྒྱ་ཆེར་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་ཡོང་བར་བྱས་པས་གཏན་འཁེལ་རང་བཞིན་གྱི་མ་འཇོག་ལས་དར་གྱི་ཞིང་ས་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དཔལ་འབྱོར་གྱི་ལྟེ་བའི་སྒུལ་ཤུགས་ཤིག་ཡིན་པ་དང་ཀྲུང་གོའི་རྒྱ་ཆེ་བའི་གོ་སྐབས་དང་འཚར་ལོངས་ཀྱི་བར་མཐོངས་ནི་མི་སེམས་ལ་སྐུལ་ལྕག་ཐེབས་པ་ཞིག་ཡོད། ཀྲུང་གོ་སྲིད་གཞུང་གིས་ཕྱི་དངུལ་ཁེ་ལས་ལ་དྲང་གཞག་གི་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་པར་བསྔགས་བརྗོད་ཟབ་མོ་བྱ་རྒྱུ་ཡིན། བློ་བརྟན་འགྱུར་མེད་ངང་ཀྲུང་གོར་མ་འཇོག་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོའི་ཁྲོམ་རར་གཞིས་ཚུགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྤེལ་རེས་མཉམ་ལས་ལ་འབྲེལ་ཟམ་བསྐྲུན་ནས་གོ་ལ་ཧྲིལ་པོའི་ཁྲོམ་ར་སྒོ་དབྱེར་རྒྱབ་སྐྱོར་བྱེད་པ་དང་རྒྱལ་སྤྱིའི་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱས་ནས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཕྲད་ནང་ཞུགས་པ་རེད།། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)