འདས་པ་གློག་ཞགས་འཁྱུག་པའི་གར་ལ་བལྟས་ཏེ།།
འབྱུང་འགྱུར་ངེས་པ་མེད་པའི་དོན་ལ་བསམས་ནས།།
མིག་སྔར་དབང་བའི་སྐྱེས་འདི་ཡོད་ཚད་སྙམ་ནས།།
མི་ཚེའི་ལམ་ཐིག་སྐྱ་མོ་ག་ལེར་ཨེ་གཞལ།།
རྒྱུ་འབྲས་ཡ་ཐོད་རྩིབ་ཀྱི་མིག་བཞིན་བསྲུངས་ནས།།
དགེ་སྡིག་བླང་དོར་ཐབས་ལ་ཞིབ་ཀྱིས་ཞུགས་ནས།།
བདེ་སྡུག་སྣང་བའི་འཁྱེར་སོ་ཆོག་ཏུ་ཤེས་པའི།།
མི་ཚུལ་གཤའ་མ་ཞིག་གི་ལམ་ལ་ཨེ་འགྲོ།།
ཐམས་ཅད་རྟག་ཏུ་མེད་པར་ངེས་ཤེས་འདྲོངས་ནས།།
ཡོད་ཚད་འགྱུར་བའི་རང་བཞིན་མངོན་སུམ་བསལ་ནས།།
གང་ཡང་སྙིང་པོ་མེད་པའི་ཚུལ་འདི་བསམས་ཏེ།།
དོན་པོ་ཆོས་ལ་གཞོལ་བར་སྐུལ་མ་ཨེ་བྱེད།།
ངན་སྤྱོད་ཁྲོམ་གསུམ་འཛོམས་པའི་གཤིས་འདི་དོར་ནས།།
ངང་ཐུང་བག་མེད་འཆལ་བའི་ཚུལ་འདི་ལྡོག་ནས།།
བདེན་དགེ་མཛེས་པས་ཁྱབ་པའི་ཐབས་ལ་ཕྱོགས་ཏེ།།
རང་ཁྲེལ་རང་གིས་སྲུང་བའི་ལས་ཤིག་ཨེ་བགྱི།།
ངོ་གཉིས་ཌཱ་མ་རུ་ཡི་ལྤགས་ཧྲུལ་ཧྲལ་ཏེ།།
ཨ་གསར་སྤྲེལ་ལད་ཚོགས་དང་རིང་དུ་བཀྱེད་ནས།།
གཞུང་བཟང་ཕྱི་ཐག་སྟོང་ཁའི་མདའ་ལྟར་བསྲངས་པའི།།
དཀྱེལ་ཡངས་བློ་ཁོག་འཛོམས་ལ་སྙིང་ནས་ཨེ་སྨོན།།
འཕྱ་དགོད་བརྙས་སྨོད་སྟོང་གི་མདུན་ཐད་འགྲེང་སྟེ།།
རང་གི་རྩིས་ཐང་རང་གི་རྙེད་ངེས་བྱས་ནས།།
དགའ་དད་རྨི་ལམ་ཞིག་ལ་གཏན་འདུན་ཕྱོགས་པའི།།
མ་མཐའི་ཤེས་ལྡན་ཞིག་གི་འགྲོ་ལུགས་ཨེ་བསྐྱང་།།
གྲགས་སྙན་བཀུར་སྟི་ལ་སོགས་རྙེད་རེ་མི་བཅངས།།
དབང་དང་འབྱོར་བས་ཕོངས་ཀྱང་གནས་བཟོད་བདེ་ཡི།
ཤེས་བྱའི་ཉིང་ཁུ་སྡུད་པའི་ལྟོ་འགྲངས་ཙམ་ཞིག།
བྱུང་ཚེ་ང་ཡི་བསམ་པ་དེ་གས་རྫོགས་པ།།
ཤོད་མཁས་གཏམ་གྱི་ཁ་ཕོར་མེད་ཀྱང་རུང་གི།།
བསྟུན་མཁས་ཚུལ་འཆོས་ལྕེ་སྣར་མ་ཤེས་ཆོག་པ།།
རྗེས་ཟློས་ནགས་ཀྱི་གར་མཁན་མིན་ཡང་འགྲིག་བཞག།
ངོས་ལྐོག་ཕྱི་ནང་མཉམ་པའི་མི་ཞིག་ཨེ་ཉན།།
བསྟོད་ཀྱང་ང་རྒྱལ་མིག་མདངས་ཡན་པོར་མི་བགྲད།།
སྨད་ཀྱང་ལུས་སེམས་ཡན་ལག་འཁུམས་པར་མི་འགྱུར།།
བསྟོད་སྨད་བྲག་ཅའི་སྒྲ་དབྱངས་ཇི་སྐད་མཆེད་ཀྱང་།།
ནང་གི་འཕེལ་འགྲིབ་སྙོམས་པའི་དྲོད་ཅིག་བྱུང་ན།།
སྐྱིད་ན་སྐྱིད་ཆེས་དགའ་བདེ་སྙིང་ནས་ཚོར་ཏེ།།
སྡུག་ན་སྡུག་བསྔལ་ཟུག་རྔུ་དང་དུ་བླངས་ནས།།
སྐྱིད་སྡུག་རྒོ་བའི་རུ་ཐུར་ཆེ་ཕྲ་ཅི་ཡང་།།
རང་ཚུགས་རང་གིས་ཐུབ་པའི་གདེང་ཞིག་མངའ་ན།།
སོང་ན་རྡོག་པའི་གོམ་འགྲོས་འཁྱར་འཁྱོར་སྤངས་ཏེ།།
སྡོད་ཚེ་འོག་ས་གྲུ་བཞི་མྱོང་བས་ནོན་ནས།།
མ་ངེས་འགྲོ་འདུག་སྤྱོད་ལམ་གང་ལ་འཕྲད་ཀྱང་།།
འདོར་ལེན་ཁ་ཕྱོགས་གསལ་བའི་བློ་ཞིག་འབྱུང་དགོས།།
༼ རྒུན་ཆང་།༽